༈ ང་ཚོའི་ནང་ཆོས་དེ་ང་ཚོའི་འདོད་པ་དང་བསྟུན་ནས་འགྱུར་བ་གཏོང་དགོས་རེད་དམ། ཡང་ན་ང་ཚོའི་སེམས་དེ་ནང་ཆོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་རེད།

 

(༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེས་ཆོས་པ་ཞིག་གི་ངོས་ནས་ཀུན་སློང་འཁྱེར་སོ་ཇི་ལྟར་དགོས་མིན་གྱི་སྐོར་ལ་བསྩལ་བའི་བཀའ་སློབ།)

 

དེ་རིང་འདིར་དངོས་སུ་ཕེབས་པའི་སློབ་སྤྱི་མཁན་རིན་པོ་ཆེ་མཆོག་གི་དབུས་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་མཆོག་གི་སྤྲུལ་སྐུ་རྣམ་པས་གཙོས་འདུས་ཚོགས་ཡོངས་ལ་དགོང་མོ་བདེ་ལེགས་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་ངས་ང་ཚོ་སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས།དེ་དང་མཐུན་པའི་ཀུན་སློང་གི་འཁྱེར་སོ་གང་འདྲ་ཡིན་མིན་ཐད་ལ་ཚིག་ཁ་ཤས་ཞུ་འདོད་བྱུང་། སྤྱིར་བཏང་ཚང་མས་མཁྱེན་གསལ་ལྟར་ང་ཚོ་ལས་དང་པོ་པ་ཡིན་པ་སོང་ཙང་། ལས་ཀ་ག་རེ་བྱས་ནའང་ཀུན་སློང་ཡག་པོ་འཁུར་ཡ་དེ་གལ་ཆེན་པོ་རེད། དེའི་ནང་ནས་ཀྱང་ལྷག་པར་དུ་ངེས་འབྱུང་ཟེར་བ་དེ་གནད་འགག་ཆེན་པོ་ཞེ་དྲགས་རེད། གང་ཡིན་ཟེར་ན་ངེས་འབྱུང་དེ་བློ་སྦྱོང་དང་ཉམས་ལེན་བྱེད་པ་ལ་མེད་ཐབས་མེད་པ་ཞིག་རེད། དཔེར་ན་སྐབས་རེར་སོ་སོས་སོ་སོ་ལ་འདི་འདྲ་འདྲི་དགོས་རེད།ང་རང་ཚོ་ད་ལྟ་རྫོང་སར་བཤད་གྲྭ་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་གཙོ་བོར་ག་རེའི་ཆེད་དུ་སྦྱོང་གིན་ཡོད། མ་འོངས་པ་ག་རེ་བྱེད་རྒྱུའི་འཆར་གཞི་ཡོད་རེད།

སྔོན་མ་ངས་གྲྭ་པ་ངོ་ཤེས་པ་ཞིག་ལ་ང་ཚོས་འཆད་རྩོད་རྩོམ་གསུམ་ཅིའི་ཕྱིར་དུ་བྱེད་དགོས་པ་རེད་ཅེས་དྲིས་པ་ཡིན། ཁོང་གིས་ལན་ལ་རྗེས་མ་ང་ཚོ་ཆོས་རའི་ནང་དུ་ངོ་ཚ་པོ་མི་ཆགས་པའི་ཆེད་དུ་རེད་གསུངས་སོང་། དེ་ཏོག་ཙམ་འཇིག་རྟེན་པའི་བསམ་བློ་གཏོང་སྟངས་འདྲ་རེད། ངས་ཕལ་ཆེར་ང་ཚོར་ངེས་འབྱུང་སྐྱེས་ནས་ཐར་པ་ཐོབ་པའི་ཆེད་དུ་སྦྱོང་བ་མ་རེད་པས་ལབ་དུས། ཁོང་བཞད་མོ་ཤོར་ནས་དེ་རྦད་དེ་དཀའ་ལས་ཁག་པོ་རེད་ངེས་འབྱུང་ཟེར་ན་མཐོ་དྲགས་པ་རེད་ཟེར། སྤྱིར་བཏང་ང་ཚོ་བཤད་གྲྭར་བསྡད་དུས་ངེས་འབྱུང་དང་སེམས་བསྐྱེད་དེ་འདྲ་ཞིག་མེད་ན། སོ་སོས་སློབ་སྦྱོང་ག་ཚོད་ཡག་པོ་བྱས་ན་ཡང་གང་ལྟར་ནང་ཆོས་སྦྱང་ས་མ་ཡིན་པར། སྤྱིར་བཏང་གི་སློབ་གྲྭ་དང་གཅིག་པ་འདྲ་ཆགས་ཀྱི་འདུག

ངེས་འབྱུང་ཟེར་དུས་གོ་སྟངས་འདྲ་མི་འདྲ་ཡོད་རེད། མཚམས་མཚམས་སྐྱོ་ཤས་ལ་གོ་བ་དང་མཚམས་མཚམས་མྱ་ངན་ལས་འདས་པ་ལ་གོ་བ་ལས། དེ་རིང་ངས་ཞུ་རྒྱུའི་ངེས་འབྱུང་དེ་གཙོ་བོར་སྐྱོ་ཤས་ཀྱི་ཆ་ནས་བཞག་པའི་ངེས་འབྱུང་དེར་གོ་དགོས། དེ་ནས་སྐྱོ་ཤས་ཟེར་དུས་རྒྱུ་གང་ལས་སྐྱོ་བ་སྐྱེ་དགོས་པ་རེད། ང་ཚོ་སེམས་པ་སྐྱོ་དགོས་པའི་རྒྱུ་མཚན་གང་འདྲ་ཡོད་རེད། དེ་འདྲ་ཞིག་དྲིས་ན། ང་ཚོ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་དམིགས་ཏེ་སྐྱོ་ཤས་སྐྱེ་དགོས་རེད།  ཁམས་གསུམ་འཁོར་བའི་ནང་གང་དུ་ཡོད་ན་ཡང་འཁོར་བ་ཁོ་རང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་མཐོང་། དེ་ལ་སྙིང་པོ་མེད་པ་མཐོང་ནས། དེ་ལ་སུན་སྣང་སྐྱེ། རྦད་དེ་ཐང་ཆད་པའི་བཟོ་འདྲ་དགོས་པ་རེད། དངོས་གནས་བྱས་ན་ནམ་རྒྱུན་འཇིག་རྟེན་པའི་མི་དེ་ཚོ་འཁོར་བའི་བདེ་བ་ལས་བྲལ་འདོད་ཁྱོན་ནས་མེད་པ་རེད། དཔེར་ན་སོ་སོ་ནད་པ་ཡིན་པ་ཧ་མ་གོ་ན་སྨན་ཟ་འདོད་ཁྱོན་ནས་མེད་པ་རེད།

དེ་ནས་འཇིག་རྟེན་པའི་མི་དེ་ཚོ་འཇིག་རྟེན་གྱི་བདེ་བའམ་ཟག་བཅས་ཀྱི་བདེ་བ་ལ་རྦད་དེ་མགོ་འཁོར་ནས་ཁམས་གསུམ་འཁོར་བར་གནས་བསྡད་ཡོད་པ་རེད། ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་ལ་མི་དཔེ་མི་སྲིད་པའི་སྐྱོ་བོ་ཁ་ཤས་མ་གཏོགས། མི་མང་པོ་ཞིག་གིས་སྐྱིད་པོ་རྐྱང་རྐྱང་གཏོང་གི་ཡོད་པ་རེད། དཔེར་ན། མི་ཕྱུག་པོ་དང་སྐད་གྲགས་ཆེན་པོ་དེ་ཚོ་ལ་ལྟོས་དང་།ཁོང་ཚོ་ལ་ཟག་བཅས་ཀྱི་སྡུག་བསྔལ་ག་པར་ཡོད། སྤྱི་བཏང་ཁོང་ཚོ་ལ་སྐྱིད་པོ་ཡོད་རེད། ཡིན་ན་ཡང་ཁོང་ཚོ་ཡི་བདེ་བ་ཚང་མ་ཕྱི་རོལ་གྱི་དངོས་པོ་དང་སོ་སོ་ཡི་དབང་པོ་རྐྱང་རྐྱང་ལ་རྟེན་དགོས་ཀྱི་འདུག་བ། དེ་ཡང་བདེ་བ་ཁོ་རང་ལམ་སང་ལམ་སང་མེད་པ་ཆགས་འགྲོ་བས།དེས་ན་ཟག་བཅས་ཀྱི་བདེ་བ་ཟེར། ཐར་པ་ཐོབ་པའི་ཟག་མེད་ཀྱི་བདེ་བ་དེ་ནང་ནས་འབྱུང་གི་ཡོད་རེད་མ་གཏོགས་ཕྱི་ལོགས་ལ་ཅི་ཡང་རྟེན་དགོས་ཀྱི་མ་རེད། ཟག་བཅས་ཀྱི་བདེ་བ་དེ་ཚོོ་ དཔེར་ན་དེ་རིང་ང་ཚོ་སྐྱིད་པོ་ག་ཚོད་བཏང་ན་ཡང་། འདོད་ཡོན་གྱི་ཆོས་ལ་ག་ཚོད་ལོངས་སྤྱད་ན་ཡང་། གང་ལྟར་སང་ཉིན་བསླེབས་དུས་ཁྱད་པར་གཏན་ནས་མེད་པ་རེད། དེ་ག་ཙམ་རྨི་ལམ་རྨིས་པ་དང་འདྲ་བོ་རེད།

ཁ་རྩང་གི་བདེ་བ་ཡོད་པ་དེ་ཚོས་མ་འོངས་པ་དང་། སྐྱེ་བ་ཕྱི་མ་ལ་ཕན་ཅི་ཐོགས་ཀྱི་རེད་པས། དེ་ཡང་ཁམས་གསུམ་འཁོར་བ་ཁོ་རང་ཐོག་མ་མེད་པ་ཡིན་པ་སོང་ཙང་ང་ཚོས་སྐྱེ་བ་སྔོན་མའི་ནང་ལ་བདེ་བ་མང་ཐག་ཆོད་མྱངས་ཚར་བ་རེད། ང་ཚོ་སྐྱེ་བ་སྔོན་མར་རྒྱལ་པོ་དང་། ཕྱུག་པོ་དང་། སྐད་གྲགས་ཆེན་པོ་དེ་ཚོ་གང་ཡིན་ག་རེ་ཧ་གོ  ད་ལྟ་ཅི་ཡང་དྲན་གྱི་མི་འདུག།ཕན་ཅི་ཡང་ཐོགས་ཀྱི་མི་འདུག།ད་ང་ཚོ་མི་ཚེ་འདི་ཡི་ནང་དུ་གཞི་ནས་ཁམས་གསུམ་འཁོར་བ་ལས་གྲོལ་བའི་གོ་སྐབས་རགས་པ་རེད། དཔེར་ན་བདག་ཅག་གི་སྟོན་པ་སྐུ་གཞོན་ནུ་དོན་འགྲུབ་ཡིན་པའི་སྐབས་སུ། ཁོང་ལ་འདོད་ཡོན་ཚང་མ་ཡོད། དབང་ཡིན་ནའང་རེད། རྒྱུ་ནོར་ལོངས་སྤྱོད་ཡིན་ནའང་རེད། བཙུན་མོ་ཡིན་ནའང་རེད། ཚང་མ་ཡོད་པ་རེད། ཡིན་ན་ཡང་ད་དུང་བདེ་བ་དངོས་གནས་དེ་རྙེད་ཐུབ་མེད་སྟབས། ཁོང་འདོད་པ་གང་ཡོད་པ་མ་རེད།

གང་ལྟར་བདེ་བ་འདོད་པ་ཁོ་རང་སྡུག་བསྔལ་ཆགས་ཀྱི་ཡོད་པ་རེད། སོང་ཙང་ང་ཚོ་སྡུག་བསྔལ་མྱོང་གི་ཡོད་པ་ག་ཚོད་ཧ་གོ  ག་ཚོད་ངོ་འཕྲོད་ན་དེ་ག་ཙམ་སྡུག་བསྔལ་མེད་པར་བཟོ་རྒྱུའི་གོ་སྐབས་ཆེ་བ་དང་། ཐག་ཉེ་རུ་འགྲོ་ཡི་ཡོད་པ་རེད།  དེ་མ་གཏོགས་ཡ་མེད་བཏང་ན་སྡུག་བསྔལ་ཆེ་རུ་འགྲོ་བ་མ་གཏོགས་མེད་པ་རེད། དེས་ན་ངེས་འབྱུང་སྐྱེ་བའི་རྒྱུ་འདྲ་མི་འདྲ་ཡོད་ཆོག་པ་རེད། དཔེར་ན་མི་རྟག་པ་དྲན་པ་དང་། འཁོར་བའི་ཉེས་དམིགས་དྲན་པ་མང་པོ་ཡོད་བསྡད་པ་རེད། འཆི་བ་མི་རྟག་པ་ལ་ཆ་བཞག་ན། ང་ཚོ་ག་དུས་འཆི་རྒྱུ་ཡིན་པ་ངེས་ཐུབ་ཀྱི་མ་རེད་དེ། ཁ་ཤས་ཀྱིས་སང་ཉིན་འཆི་སྲིད་ཀྱི་རེད་དྲན་ན་ཕན་དང་ཕན་གྱི་རེད། ཡིན་ན་ཡང་དེ་ལས་ཀྱང་སང་ཉིན་བརྒྱ་ཆ་བརྒྱ་འཆི་རྒྱུ་རེད་དྲན་ན། དེ་ནས་ཕལ་ཆེར་ངེས་པར་འབྱུང་བའི་བསམ་བློ་སྔར་ལས་ཀྱང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། དེ་ནས་ང་ཚོ་འཆི་བའི་དུས་ཚོད་སླེབས་དུས། སོ་སོའི་སེམས་ནང་ལ་འགྱོད་པ་དང་སྡུག་བསྔལ་དཔེ་མང་པོ་འབྱུང་བ་རེད། དེ་ཡི་སྐབས་སུ་སོ་སོ་དང་གྲོགས་པོ་ག་ཚོད་ཡོད་ན་ཡང་། སུ་གང་གིས་ཕན་ཐོགས་ཐུབ་ཀྱི་མ་རེད། མཐའ་མ་ལ་གྲོགས་པོ་དངོས་གནས་ཕན་འདོགས་ཐུབ་མཁན་སུ་ཡོད་རེད་ཟེར་ན། མ་ཤི་གོང་རང་གིས་བསགས་པའི་དགེ་བ་དེ་ཚོ་མ་གཏོགས་མེད་པ་རེད།

དེ་ནས་ང་ཚོ་ངེས་འབྱུང་ལ་བརྟེན་ནས་སེམས་པ་སྐྱོ་བསྡད་པ་ཙམ་གྱིས་ཕན་ཡོན་ཅི་མེད་པ་རེད། བློ་སྦྱོང་དང་ཉམས་ལེན་བྱེད་རྒྱུ་རེད། ང་ཚོ་རྫོང་སར་བཤད་གྲྭར་བསྡད་དུས་སྐབས་སུ་ངེས་འབྱུང་དང་སེམས་བསྐྱེད་དེ་འདྲ་སྐྱེས་ནས་སོ་སོ་གཅིག་པུའི་ཆེད་དུ་མ་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱོང་གི་ཡིན་བསམ་པའི་བློ་དེ་འདྲ་སྐྱེ་ཆོག་གི་རེད་པ། གང་ཡིན་ཟེར་ན་སྡུག་བསྔལ་མྱོང་མཁན་ང་ཚོ་གཅིག་པུ་མ་རེད། སེམས་ཅན་ཐམས་ཅད་ང་རང་གིས་སྐྱེ་བ་སྔོན་མ་ཨ་མ་དང་པཱ་ལགས།  ཕྲུ་གུ་དང་གྲོགས་པོ་དེ་འདྲ་བྱས་མྱོང་མེད་མཁན་སུ་གཅིག་ཡོད་མ་རེད།  ཁོང་ཚོ་ཚང་མ་རང་གིས་མྱོང་བའི་སྡུག་བསྔལ་ལས་ལྷག་ཙམ་མྱོང་མཁན་ཤ་སྟག་རེད། ད་དུང་ཁོང་རང་ཚོས་ཚེ་འདི་ཡི་ཆེད་དུ་དཀའ་ལས་ཞེ་དྲགས་རྒྱག་གི་ཡོད་པ་རེད། ང་ཚོ་ཡིན་ན་རང་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་དོན་དུ་དཀའ་ལས་རྒྱག་དགོས་པ་རེད། སྔོན་མ་ང་དགོན་པ་གཞན་པ་ཞིག་ལ་བསྡད་དུས་ངའི་མཉམ་དུ་གྲྭ་པ་རོགས་པ་ཞིག་ཡོད། ད་དུང་ང་ཚོ་གཉིས་ཀྱི་མཉམ་དུ་གྲྭ་ཕྲུག་ཅིག་ཡོད།  ང་ཚོས་དགོན་པའི་ཐོག་ཁ་ནས་མར་ལྟ་དུས་འོག་ནས་མི་སྐྱ་དེ་འདྲ་ཁ་ཤས་ཀྱིས་ལས་དཀའ་བྱས་ནས་ཁ་ཤས་ཀྱི་རྒྱབ་ལ་འབྲས་ཁུར་པོ་དེ་འདྲ་འཁུར་གྱི་འདུག དེ་མཐོང་དུས་གྲྭ་པ་དེས་གྲྭ་ཕྲུག་དེ་ལ་འདི་འདྲ་ལབ་སོང་། ལྟོས་དང་མི་སྐྱ་དེ་ཚོས་དཀའ་ལས་ག་ཚོད་རྒྱག་དགོས་ཀྱི་འདུག ཁྱེད་རང་ལ་ལྟོས་དང་དཀའ་ལས་རྒྱག་མ་དགོས་པ། གྲྭ་པ་དེ་ཚོ་ལྷོད་ལྷོད་བསྡད་འདུག་བ། དངོས་གནས་སྐྱིད་སྣང་བྱེད་དགོས་པ་རེད་ལབ་སོང་། དེ་དངོས་གནས་གོ་བ་ལོག་པ་རེད།ང་ཚོ་ཐེག་པ་ཆེན་པོོ་ཡིན་པ་སོང་ཙང་། ང་ཚོ་མི་སྐྱ་ལས་དཀའ་ལས་རྦད་དེ་མང་བ་རྒྱག་དགོས་རེད་པ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་གོ་འཕང་ཐོབ་དགོས་པ་རེད། སངས་རྒྱས་གོ་འཕང་ཐོབ་པའི་ཆེད་དུ། ཉུང་མཐར་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས་དཀའ་ལས་རྒྱག་དགོས་པ་རེད།

སྤྱིར་བཏང་ནས་ང་ཚོ་རྡོ་རྗེ་ཐེག་པ་ཡིན་ཙང་གསང་སྔགས་ཀྱི་མྱུར་ལམ་དེ་འདྲ་ཡོད་རེད། ཡིན་ན་ཡང་མྱུར་ལམ་དེ་འདྲ་ཡོད་ན་ཡང་བསྐལ་ཆེན་གྲངས་མེད་གསུམ་ལ་དཀའ་ལས་རྒྱག་པའི་གྲ་སྒྲིག་ཡོད་དགོས་རེད་པ། དེ་ནས་ང་ཚོ་བསྐལ་ཆེན་གྲངས་མེད་གསུམ་གྱི་རིང་ལ་ཁམས་གསུམ་འཁོར་བ་ལ་ཡར་མར་འཁྱམ་ན་འཁྱམ། དམྱལ་བ་ལ་ལྷུང་ན་ཡང་ལྷུང་། གང་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྡུག་རུས་ག་ཚོད་རྒྱག་དགོས་ན་རྒྱག་གི་ཡིན་སྙམ་པའི་ཆོད་སེམས་བརྟན་པོ་དེ་འདྲ་ཞིག་དགོས་ཀྱི་རེད། དེ་འདྲ་བསམ་ཚར་དུས། ད་ངས་དགོང་མོའི་ཁ་ལག་མ་བཟའ་ན་གྲོད་ཁོག་ལྟོགས་ས་རེད། མི་ཚོགས་མདུན་དུ་ངོ་ཚ་བོ་བཟོས་ན་དཔེ་གསག་ས་རེད་དེ་འདྲ་བསམ་ཐུབ་ས་རེད་པས། སོང་ཙང་ང་ཚོས་བཤད་གྲྭ་ནས་གཞུང་ལ་ལྟ་ཡི་ཡོད་ན་ཡང་ཉམས་ལེན་དང་ཡ་མ་བྲལ་བར་དགོས་ཀྱི་རེད།

དེའི་སྐབས་སུ་སྒོམ་བརྒྱབ་རྒྱུ་དེ་གལ་ཆེན་པོ་ཞིག་རེད། སྤྱིར་བཏང་དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་སྒོམ་རྒྱག་རྒྱུའི་གོམས་གཤིས་ཞེ་དྲགས་ཡོད་པ་མ་རེད། སྒོམ་རྒྱག་ཟེར་དུས་མིང་ཁོ་རང་རྦད་དེ་སྣང་ཆུང་འདྲ་གཏོང་གི་འདུག དཔེར་ན་ངས་སྒོམ་རྒྱག་གི་ཡོད་ལབ་ན་མི་ཁ་ཤས་ཀྱིས་ཧམ་པ་ཆེན་པོ་མཐོང་བ་འདྲ་དང་།  ཡང་ན་ཁ་ཤས་ཀྱིས་སྒོམ་རྒྱག་ཟེར་དུས་དབྱིན་ཇི་དང་རྒྱ་མིའི་བྱེད་སྟངས་འདྲ་པོར་མཐོང་བསྡད་པ་འདྲ་དང་། ད་དུང་སྡུག་ཤོས་ཤིག་ལ་ཐེག་དམན་གྱི་བྱེད་སྟངས་འདྲ་པོ་མཐོང་བསྡད་ཀྱི་འདུག དངོས་གནས་བྱས་ན་སྒོམ་བརྒྱབ་རྒྱུ་དེ་སྟོན་པ་ཤཱཀྱ་ཐུབ་པས་ང་ཚོ་ནང་པ་ཚང་མའི་ཉམས་ལེན་གྱི་ཆེད་དུ་གསུངས་པ་རེད། ང་ཚོའི་བློ་དེ་སྦྱོང་བརྡར་ཏག་ཏག་མ་བྱས་ན། མཐར་ཐུག་གི་ཐོབ་བྱ་ཁྱོན་ནས་ཐོབ་རྒྱུ་མེད་པ་རེད། དཔེར་ན་སྐབས་རེ་ང་རང་གི་མི་ཚེ་ལ་དོན་སྙིང་ག་རེ་ཡོད་པ་རེད། ང་ཚོས་སྡུག་བསྔལ་མྱོང་བའི་རྒྱུ་མཚན་གང་ཡིན་ན། དེ་ལ་སྙིང་པོ་ཅི་འདུག དེ་འདྲ་བསམ་བློ་གཏོང་མཁན་མང་པོ་ཡོད་རེད།

མང་པོ་ཞིག་གིས་ལམ་ཡང་དག་མ་ཡིན་པ་ལ་བསྟེན་པའི་གྲུབ་མཐའ་ལ་ཆགས་ནས་དེ་ཚོའི་རྗེས་སུ་འབྲང་གི་ཡོད་རེད་དེ། ཡིན་ན་ཡང་ཁ་ཤས་ཀྱིས་སོ་སོའི་རྣམ་དཔྱོད་དངོས་གནས་དེ་བེད་སྤྱོད་བཏང་ནས་ནང་པའི་ཆོས་ལ་དགའ་ཞེན་བྱེད། ནང་པ་དེ་ཚོ་ལ་འཇིག་རྟེན་པ་ལས་གཞན་པའི་ཐབས་ཤེས་ཡང་དག་པར་བསྟན་རྒྱུ་ཡོད་ས་རེད་བསམ། དེ་ནས་ཁོང་ཚོས་གྲྭ་པ་ཞིག་གིས་ཁོང་ཚོ་འཇིག་རྟེན་པའི་བྱེད་སྟངས་དང་གཅིག་པ་གཅིག་རྐྱང་བྱེད། སྒོམ་ཉམས་ལེན་ཁྱོན་ནས་མེད་མཁན་ཞིག་མཐོང་ན་ག་རེ་བསམ་ས་རེད། ནམ་རྒྱུན་ཕྱི་རྒྱལ་གྱི་མི་དེ་ཚོས་ནང་པ་ཟེར་བ་གོ་མྱོང་ཡོད་ན་ཡང་། ཁོང་ཚོས་ནང་པ་ཟེར་དུས་ཁོང་ཚོའི་བློ་ལ་གྲྭ་པ་འདྲ་ཞིག་འཆར་བ་རེད། དེ་ཡང་སྒོམ་རྒྱག་སྡོད་མཁན་གྱི་རྣམ་པ། སྤྱོད་ལམ་ཡང་ཞི་ཞིང་དུལ་བ། འཇིག་རྟེན་པའི་དངོས་པོར་རྦད་དེ་ཁ་བྲལ་མཁན་ཞིག་འཆར་གྱི་རེད།

སྤྱིར་བཏང་མི་མང་པོ་ཞིག་གིས་ནང་པའི་ཆོས་ལ་དད་ལོག་སྐྱེས་ནས་ཆོས་ལུགས་གཞན་གྱི་རྗེས་སུ་འགྲོ་བའི་རྒྱུ་མཚན་གཅིག་གང་རེད་ཟེར་ན། ནང་པའི་ཆོས་ལ་བྱེད་མི་ཆོག་པ་དང་བྱེད་དགོས་ཡ་དེ་འདྲ་མང་པོ་དང་། ཆོས་ལུགས་གཞན་པ་ལ་ཁྲིམས་དེ་འདྲ་མང་པོར་བསྟུན་མི་དགོས་པར་གཙོ་བོ་ཁོང་ཚོའི་སྟོན་པ་དེ་ལ་སྐྱབས་སུ་འཛིན། མཆོད་པ་འབུལ། སོ་སོའི་མི་ཚེ་སྐྱིད་པོ་ག་ཚོད་གཏོང་ན་གཏོང་། མཐའ་མ་དེ་ལ་ལྷ་ཡུལ་དུ་འགྲོ་ཆོག་པ་རེད། དེ་འདྲ་ལ་ལྟ་དུས་ང་ཚོ་ནང་པ་ཁ་ཤས་ཀྱིས་ག་རེ་ཟེར་གྱི་ཡོད་རེད་ཟེར་ན། ང་ཚོའི་བྱེད་སྟངས་ཏོག་ཙམ་འགྱུར་བ་གཏོང་དགོས་ཀྱི་འདུག དེང་དུས་འཇིག་རྟེན་པ་དང་བསྟུན་དགོས་ཀྱི་འདུག དེ་མ་གཏོགས་དེང་སང་མི་དེ་ཚོ་ལ་འདོད་ཆགས་སྐྱེ་ས་ཞེ་དྲགས་འདུག  དེ་ཡང་ང་ཚོ་ནང་པ་འདི་འདྲ་ཉུང་ཉུང་ཆགས་འདུག་ཟེར།  ཡིན་ན་ཡང་ང་ཚོས་འགྱུར་བ་དེ་འདྲ་གཏང་ན་མཐའ་མ་ལ་སངས་རྒྱས་ཀྱིས་གསུང་ངོ་མ་ག་ཚོད་ལྷག་གི་ཡོད་རེད།

དེང་སང་སྙིགས་མ་ལྔ་བདོ་བའི་དུས་རེད། དེ་གསལ་པོ་གསལ་རྐྱང་རེད། ཡིན་ན་ཡང་སྙིགས་མའི་དུས་དང་བསྟུན་དགོས་མ་རེད། དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་དེ་འདྲ་ཞིག་མ་རེད་པ། གང་ལྟར་ང་ཚོ་ཚང་མས་བསམ་བློ་འདི་འདྲ་ཞིག་གཏོང་དགོས་ཀྱི་ཡོད་རེད། ང་ཚོའི་ནང་ཆོས་དེ་ང་ཚོའི་འདོད་པ་དང་བསྟུན་ནས་འགྱུར་བ་གཏོང་དགོས་རེད་དམ། ཡང་ན་ང་ཚོའི་སེམས་དེ་ནང་ཆོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་པ་རེད། དེ་ཚོ་མི་གཞན་པ་ཞིག་གིས་དྲིས་ན་ཡང། ཁྱེད་ཚོ་ནང་པའི་གྲྭ་པ་ཚོ་ཁྱིམ་དང་ལས་ཀ་དེ་འདྲ་མང་པོ་བྱེད། སོ་སོར་དཀའ་ངལ་དེ་འདྲ་བྱས་ན་སྐྱིད་པོ་ཅི་འདུག་གམ། དངོས་གནས་དཀའ་ལས་ཁག་པོ་ཞེ་དྲགས་མི་འདུག་གམ་ཟེར་ན། སྤྱིར་བཏང་གིས་སོ་སོའི་མི་ཚེ་འདི་སྐྱིད་པོ་དང་བདེ་བོ་དེ་འདྲ་བྱེད་འདོད་ཡོད་ན། གྲྭ་པའི་མི་ཚེ་དེ་དཔེ་དཀའ་ལས་ཁག་པོ་རེད། ཡིན་ན་ཡང་གལ་སྲིད་སྡུག་བསྔལ་ལས་རྦད་དེ་བྲལ་འདོད་ན། ཆོས་ཉམས་ལེན་པ་ཆ་ཚང་བ་ཞིག་བྱེད་འདོད་ཡོད་ན། དེ་ནས་དཀའ་ལས་ཁྱོན་ནས་ཡོད་མ་རེད། བསམ་བློའི་ནང་དུ་ལས་སླ་བོ་ཆགས་ཀྱི་རེད།

སོང་ཙང་ང་ཚོ་ནང་ཆོས་དར་བ་ལ། དགོན་པ་བཞེང་རྒྱུ་དང་།རྒྱལ་ཁབ་ག་ས་གར་མི་སྟོང་ཕྲག་ཁྲི་ཕྲག་ལ་ཆོས་བཤད་རྒྱུ་དེ་ཚོར་ཕན་ཐོགས་ཞེ་དྲགས་ཡོད་མ་རེད། སོ་སོ་ལ་མིང་དང་སྐད་གྲགས་ག་ཚོད་ཡོད་ན་ཅུང་ཙམ་ཡང་ཕན་གྱི་རེད་དེ། ཡིན་ན་ཡང་གཙོ་བོར་དེ་མ་རེད། ཁ་ཤས་ཀྱིས་ཟེར་བ་ལ། སྤྱིར་བཏང་གཙོ་བོ་གཞུང་དང་སློབ་སྦྱོང་རེད་འདུག  ཡིན་ན་ཡང་མཚམས་མཚམས་སྐད་གྲགས་ཏོག་ཙམ་རྐང་བཙུགས་ནས་བཟོ་དགོས་རེད། མཚམས་མཚམས་གཟི་བརྗིད་ཏོག་ཙམ་སྟོན་དགོས་རེད། དེ་མ་གཏོགས་གདུལ་བྱ་སློབ་མ་བསྡུ་ཐུབ་ཀྱི་མ་རེད། མི་སུ་གཅིག་སླེབས་ཀྱི་མ་རེད། དེ་འདྲ་ཟེར་དུས། དེ་ཡང་འདྲ་བོ་ཞིག་ཡོད་རེད། ཡིན་ན་ཡང་དེ་ཚང་མ་ཕྱི་ལོགས་ཀྱི་ལྟ་སྟངས་ཙམ་ཞིག་རེད། གཙོ་བོ་གཙོ་བོ་དེ་སོ་སོ་རང་ཉིད་ནས་འགོ་བཙུགས་བྱས་ནས་ཉམས་ལེན་བྱེད་རྒྱུ་དེ། ནང་ཆོས་དངོས་གནས་དར་རྒྱུ་ལ་ཐབས་ཤེས་ཡག་ཤོག་དེ་རེད།

ང་ཚོས་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་བྱེད་དགོས་པ་རེད། ནང་པའི་ཆོས་ཟེར་བ་དེ་ཡང་དག་པ་ཞིག་དང་། ལམ་དངོས་དེ་རེད། ཡིན་ན་ཡང་ཆོས་སྒྲུབ་མཁན་དེ་ཚོ་ཡང་དག་པ་ཡིན་པར་ངེས་པ་ཡོད་མ་རེད། དཔེར་ན་ང་ཚོའི་སྟོན་པ་སངས་རྒྱས་ཀྱི་སྐུ་འདྲ་གང་འདྲ་ཞིག་ལ་བལྟས་ན་ཡང་། དེབ་ཀློག་པའི་བཟོ་འདྲ་དང་། རྩོད་པ་གཏོང་བ་འདྲ་དང་། རྒྱ་མི་དེ་ཚོ་མཉམ་དུ་བསྡད་པ་དེ་འདྲ་ཁྱོན་ནས་མཐོང་རྒྱུ་མི་འདུག་བ།  མང་ཆེ་བ་མཉམ་པར་བཞག་ནས་བཞུགས་འདུག་བ། སངས་རྒྱས་ཀྱི་བསྟན་པ་ཟེར་དུ་ཁོང་གིས་ཆོས་གསུངས་པ་ཙམ་མིན་པར།དངོས་སུ་བསྟན་པའི་སྤྱོད་པ་དང་བྱེད་སྟངས་དེ་ཚོ་ལ་ཡང་གོ་དགོས་པ་རེད། དེ་ཚོ་ཚང་མའི་རྗེས་སུ་འབྲང་དགོས་པ་ཞིག་རེད། གང་ལྟར་ཁོང་གིས་ངས་བཤད་རྒྱུ་ལ་མ་ལྟ། ངས་བྱེད་རྒྱུ་ལ་ལྟོས་འདི་འདྲ་གསུངས་ཡོད།

དེ་འདྲ་སོང་ཙང་ང་ཚོས་སྒོམ་བརྒྱབ་མི་ཐུབ་པའི་རྒྱུ་མཚན་ག་ཚོད་བསམ་བློ་གཏང་ན་ཡང་། གང་ལྟར་དེ་ཚོ་ཚང་མ་བདུད་ཀྱི་བར་ཆད་བྱེད་པ་འདྲ་བོ་ཆགས་ཀྱི་ཡོད་རེད། སྔོན་མ་ང་གྲྭ་པ་ཁ་ཤས་མཉམ་དུ་སྒོམ་བརྒྱབ་རྒྱུའི་སྐོར་དེ་འདྲ་ལ་སྐད་ཆ་བཤད་དུས། ཁོང་ཚོ་ལ་ངས་ང་ཚོ་རྫོང་སར་ལ་སྒོམ་རྒྱག་པའི་དུས་ཚོད་འདྲ་ཡོད་ན་ཡག་པོ་ཡོད་ས་རེད་པ་ཟེར་དུས། ད་ཡང་ཁོང་ཚོ་ལ་རྒྱུ་མཚན་མང་པོ་བཤད་རྒྱུ་འདུག འཚམ་པོ་ཡོད་མ་རེད། དེང་སང་སྤྱི་ཚོགས་ལ་ལུགས་སྲོལ་ཡོད་མ་རེད། དཀའ་ལས་ཁག་པོ་ཡོད་རེད། ཡང་སྒོམ་བརྒྱབ་ན་ཚང་མ་བགད་མོ་ཤོར་གྱི་རེད་ཟེར། གང་ལྟར་ག་དུས་ཡིན་ན་ཡང་སྒོམ་བརྒྱབ་མི་ཐུབ་པའི་རྒྱུ་མཚན་ཞིག་རྙེད་ཀྱི་རེད། ད་ཡང་སང་ཉིན་རྗེས་མ་སྒོམ་བརྒྱབ་དགོས་དྲན་ན་དེ་ཡང་འགྲིག་གི་མ་རེད། སང་ཉིན་ང་ཚོ་འཆི་རྒྱུ་རེད་པ།

གལ་སྲིད་ང་ཚོས་སྒོམ་མ་ཐུབ་ན་ཡང་། གང་ལྟར་ཉམས་ལེན་བྱེད་མི་ཐུབ་པའི་དུས་ཚོད་ཁྱོན་ནས་མེད་པ་རེད། ལས་ཀ་ག་རེ་བྱས་ན། ཕར་ཚུར་འགྲོ་དུས་ཡིན་ནའང་རེད། ཟ་མ་ཟ་དུས་ཡིན་ནའང་རེད། ཚང་མ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བྱེད་ཆོག་གི་རེད། དེ་ནི་ང་ཚོ་ཉི་མ་རེ་རེར་སྐར་མ་གཅིག་གཉིས་ཙམ་བྱམས་པ་དང་སྙིང་རྗེ་སྒོམ་ན་འགྲིག་གི་རེད། ང་ཚོའི་གཟུགས་པོ་དང་སེམས་ལྷོད་ལྷོད་བཟོས། དེ་ནས་གང་ལྟར་གོམ་པ་དང་པོ་སྤོ་ཐུབ་པ་རེད། སོང་ཙང་ང་ཚོ་བཤད་གྲྭར་སྡོད་སྐབས་སུ་ཡིན་ནའང་རེད། ག་དུས་ཡིན་ན་ཡང་། ངེས་འབྱུང་དང་སེམས་བསྐྱེད་ཁ་མ་བྲལ་བ་བྱེད་ནས། སེམས་ཅན་ཐམས་ཅད་ཡལ་བར་མ་དོར་བའི་རེ་བ་ཡོད།ང་ཚོ་ཚང་མ་སངས་རྒྱས་ཀྱི་རྗེས་སུ་འབྲང་མཁན་ཡིན་ཞེས་ཁ་ནས་ལབ་པ་ཙམ་མ་ཡིན་པར། དངོས་གནས་སངས་རྒྱས་ཀྱི་གསུང་གི་དོན་དང་མཐུན་པ། སྤྱོད་ལམ་དང་མི་འབྲལ་བ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་འབོད་སྐུལ་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༧ཟླ་༡༡ཚེས་༡༣ཉིན་རྫོང་སར་བཤད་གྲྭའི་སློབ་གཉེར་བ་རྒྱལ་པོས་ཕབ་སྒྲིག་རྫོགས་པར་ཞུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *