ཞིབ་འཇུག

 

 

༄༅། །རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་།

 

རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་ནི། མཁྱེན་བརྩེ་ཐེབས་རྩའི་རྒྱབ་སྐྱོར་འོག་ཏུ། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་འཇར་མན་ཧམ་བྷག་གཙུག་ལག་སློབ་གྲྭའི་(Universität Hamburg) སྡེ་ཚན་མཁྱེན་བརྩེ་བོད་བརྒྱུད་ནང་བསྟན་གསུང་རབ་སློབ་གཉེར་ཁང་(Khyentse Center)ཟུང་འབྲེལ་གྱིས་སྤྱི་ལོ་༢༠༡༦ལོར་འཕགས་ཡུལ་རྫོང་སར་བཤད་གྲྭ་རུ་དངོས་སུ་བཙུགས། ལས་གཞི་འདི་ནི་བཤད་གྲྭའི་སྲོལ་རྒྱུན་སློབ་གཉེར་རིམ་པ་མཐར་སོན་པ་ཞིག་ལ་དེང་རབས་རྒྱལ་སྤྱིའི་འགྲོས་ཀྱི་ནང་བསྟན་ཞིབ་འཇུག་སྦྱོང་བརྡར་(doctoral research)ལོ་བཞིའི་རིང་སྤྲོད་པའི་སློབ་གཉེར་སྒྲིག་འཛུགས་ཤིག་ཡིན། ལྟེ་གནས་ཁང་འདིའི་ངེས་སྟོན་པ་ནི་གཙུག་ལག་སློབ་དཔོན་(Prof.)རྡོ་རྗེ་དབང་ཕྱུག་མཆོག་དང་མཁས་དབང་(Dr.)ལྕམ་ཨོར་ན་ཨལ་མོ་གྷི་ཡིན་ཞིང་། སློབ་ཞུགས་མཁན་ཐོག་མར་༢༠༡༦ལོར་གསུམ་དང་༢༠༢༠ལོར་བདུན་བྱུང་བ་དང་། དེ་དག་ལས་༢༠༢༠ལོར་སྐྱོར་དཔོན་ཚེ་རིང་བསམ་འགྲུབ་ཀྱིས་འབུམ་རམས་པའི་རྒྱུགས་སྤྲོད་མཐར་སོན། ཞིབ་འཇུག་ཁང་འདིར་འཕགས་ཡུལ་རྫོང་སར་བཤད་གྲྭ་དང་མཁྱེན་བརྩེ་ཐེབས་རྩ་ནས་ཞིབ་འཇུག་ལས་ཁུངས་བཙུགས་པ་དང་། སློབ་ཡོན་དང་དྲྭ་རྒྱ། གློག་ཀླད། མཁོ་ཆས། ཟབ་སྦྱོང་གོ་སྒྲིག འགྲུལ་གྲོན་བཅས་སྩོལ་བཞིན་ཡོད་ཅིང་། ༢༠༢༠ནས་ད་ཡོད་ཞིབ་འཇུག་ངེས་སྟོན་པ་རྣམ་གཉིས་ཀྱི་སྟེང་དུ། ངེས་སྟོན་ལས་རོགས་སུ་སྐྱོར་དཔོན་ཚེ་རིང་བསམ་འགྲུབ་བསྐོས་ཏེ་༢༠༢༢བར་ལོ་གསུམ་གྱི་རིང་ཞིབ་འཇུག་ཁང་འདིར་ངེས་སྟོན་གནང་། ད་ལམ་འགྲོ་བཞིན་པའི་ཞིབ་འཇུག་བརྗོད་གཞི་ནི། ཐུན་མོང་བརྗོད་གཞི། སློབ་དཔོན་བསོད་ནམས་རྩེ་མོའི་«རྒྱུད་སྡེ་སྤྱི་རྣམ༌»དང་ཆོས་རྗེ་ས་པཎ་གྱི་«སྡོམ་གསུམ་རབ་དབྱེ༌»ཡིན་ཞིང་། སྒེར་གྱི་བརྗོད་གཞི། ཀུན་མཁྱེན་གོ་རམས་པའི«སྤྱི་དོན་ཡིད་བཞིན་ནོར་བུ༌»དང་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་«མངོན་རྟོགས་ལྗོན་ཤིང༌» སྟག་ཚང་ལོ་ཙཱ་བའི་«གྲུབ་མཐའ་ཀུན་ཤེས༌» པཎ་ཆེན་ཤཱཀ་མཆོག་གི་«སྟོང་ཉིད་བདུད་བརྩི་ལམ་པོ་ཆེ༌» རྗེ་རེད་མདའ་བའི་«དྲིས་ལན་གཞན་གྱི་ཐེ་ཚོམ་སེལ་བྱེད༌»བཅས་དང་། སྒེར་གྱི་བརྗོད་གཞི་དེ་དག་གོ་རིམ་བཞིན་རྒན་བསོད་ནམས་དཔལ་ལྡན་དང་སྐྱོར་དཔོན་སངས་རྒྱས་ཕུན་ཚོགས། སྐྱོར་དཔོན་གཤིན་རྗེ་རྒྱལ་པོ། རྒན་ཀུན་ལེགས། མཁན་པོ་ཀུན་དགའ་ལྷུན་འགྲུབ་བཅས་ཀྱིས་ཞིབ་འཇུག་སྦྱོང་བརྡར་གནང་བཞིན་པའོ། །