སློབ་མ་གསར་ཞུགས།

 

 

༄༅། །བཤད་གྲྭ་འདིར་སློབ་མ་གསར་དུ་ཞུགས་སྟངས་ཀྱི་རིམ་པ།

 

༡༽ བཤད་གྲྭར་ཞུགས་རྒྱུའི་གཞི་རྩའི་ཆ་རྐྱེན་ཁག

 

༡༽ བཤད་གྲྭར་ཞུགས་པར་རང་ལོ་བཅོ་ལྔ་ལོན་ཞིང་། རབ་བྱུང་དགེ་ཚུལ་སློང་གང་རུང་ཡིན་པའམ། བཤད་གྲྭར་ཞུགས་ཟིན་རྗེས་དགེ་ཚུལ་སློང་གི་སྡོམ་པ་ངེས་པར་དུ་ཞུ་དགོས།

༢༽ འདིར་བཞུགས་རིང་བཤད་གྲྭའི་སྒྲིག་གཞི་ཡོངས་རྫོགས་བརྩི་སྲུང་ཞུ་ངེས་ཀྱི་ཁས་ལེན་དང། གང་ཅིར་འགན་ལེན་བྱེད་མཁན་གྱི་དཔང་མི་ཞིག་ངེས་པར་དགོས།

༣༽ སྨན་ཁང་ལ་བརྟག་དཔྱད་བྱས་ནས་སྐུ་གཟུགས་བདེ་ཐང་ཡིན་པའི་ཡིག་ཆ་དགོས།
༤༽ གོང་གསལ་ཆ་རྐྱེན་ཚང་མིན་སློབ་མ་གསར་ཞུགས་བརྟག་དཔྱད་ཚོགས་ཆུང་གིས་ཞིབ་འཇུག་དགོས།

༥༽གོང་གསལ་ཆ་རྐྱེན་མ་ཚང་ཡང། བཤད་གྲྭར་སློབ་གཉེར་བྱ་འདོད་ཡོད་མཁན་རྣམས་བཤད་གྲྭའི་ཕྱི་ལོགས་སུ་བཞུགས་ཤིང་འཛིན་གྲྭ་དང། རྟགས་གྲྭར་ཕེབས་ནས་ཡིག་ཚད་གཏོང་ཆོག

 

༢༽ འཛིན་གྲྭ་གོང་འོག་ཏུ་ཞུགས་སྟངས་ཀྱི་རིམ་པ།

 

༡༽ དཔེ་ཆ་གཟིགས་མྱོང་མེད་པའི་སློབ་མ་གསར་ཞུགས་རྣམས་སྔོན་འགྲོ་འཛིན་གྲྭ་ནས་རིམ་གྱིས་ཡིག་ཚད་བཏང་སྟེ་འཛིན་གྲྭ་གོང་མར་ཞུགས་དགོས་པ་ལས་འོག་མའི་ཡིག་རྒྱུགས་མ་འཕྲོད་པར་གོང་མར་ཡིག་རྒྱུགས་གཏོང་མི་ཆོག

༢༽ ཕྱི་ལོགས་ནས་སྔོན་འགྲོའི་སློབ་ཚན་སྦྱངས་ཚར་ནས་ཐད་ཀར་དབུ་མ་ལོ་རིམ་དང་པོར་ཞུགས་འདོད་ཡོད་ཚེ། སྔོན་འགྲོའི་སློབ་ཚན་སྦྱངས་འབྲས་ཕྱག་འཁྱེར་ཡོད་པའམ། སྔོན་འགྲོའི་སློབ་ཚན་ལ་ཡིག་རྒྱུགས་སྤྲད་དེ་ཞུགས་ཆོག

༣༽ དབུ་མ་ལོ་རིམ་གཉིས་པར་ཞུགས་དགོས་ན། སྤྱོད་འཇུག་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་པའམ། སྔོན་འགྲོ་དང་སྤྱོད་འཇུག་ལ་ཡིག་རྒྱུགས་སྤྲད་དེ་ཞུགས་ཆོག

༤༽ དབུ་མ་ལོ་རིམ་གསུམ་པར་ཞུགས་དགོས་ན། དབུ་མ་རྩ་འཇུག་གཉིས་ལ་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་པའམ། རྩ་འཇུག་གཉིས་ལ་ཡིག་ཚད་སྤྲད་ནས་ཞུགས་ཆོག

༥༽ དབུ་མ་ལོ་རིམ་བཞི་པར་ཞུགས་དགོས་ན། དབུ་མ་རྩ་འཇུག་གཉིས་དང། ཚད་མ་རིགས་གཏེར་ལ་ཡིག་ཚད་ལོན་པའི་གྲུབ་འབྲས་ཕྱག་འཁྱེར་ཡོད་པའམ། དེ་དག་ལ་ཡིག་ཚད་སྤྲད་ནས་ཞུགས་ཆོག

༦༽ དབུ་མ་ལོ་རིམ་ལྔ་པར་ཞུགས་དགོས་ཚེ། དབུ་མ་རྩ་འཇུག་གཉིས་དང། ཚད་མ་རིགས་གཏེར་དང་ཚད་མ་རྣམ་འགྲེལ་ལེའུ་དང་པོ་གཉིས་ལ་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་པའམ། དེ་དག་ལ་ཡིག་ཚད་སྤྲད་ནས་འཛུལ་ཞུགས་ཆོག་ལ། གལ་སྲིད་རིགས་གཏེར་དང་རྣམ་འགྲེལ་ལ་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་ཅིང། རྩ་འཇུག་གཉིས་ལ་མེད་ན། ལོ་གཅིག་རིང་དབུ་མར་སྦྱངས་ནས་ཡིག་རྒྱུགས་བཏང་སྟེ་དབུ་མ་ལོ་རིམ་ལྔ་པར་ཞུགས་ཆོག རྩ་འཇུག་གཉིས་དང་རྣམ་འགྲེལ་ལ་ལག་འཁྱེར་ཡོད་ཅིང་རིགས་གཏེར་ལ་མེད་ན་ལོ་གཅིག་རིང་བཤད་གྲྭ་འདི་གར་རིགས་གཏེར་འཛིན་གྲྭར་ཞུགས་ནས་ཡིག་ཚད་ལོན་ན་དབུ་མ་ལོ་རིམ་ལྔ་པར་ཞུགས་ཆོག

༧༽ བསྟན་བཅོས་ལོ་རིམ་དང་པོར་ཞུགས་འདོད་ཡོད་ཚེ། དབུ་ཚད་མཛོད་གསུམ་ལ་ཡིག་ཚད་ལོན་པའི་གྲུབ་འབྲས་ཕྱག་འཁྱེར་ཡོད་ན། མངོན་པ་མཛོད་ལ་ཡིག་ཚད་སྤྲད་དེ་ཐད་ཀར་ཞུགས་ཆོག་ལ། ཕྱག་འཁྱེར་མེད་ན་དེ་དག་གསུམ་ཆར་ལ་ཡིག་ཚད་སྤྲད་དེ་ཞུགས་ཆོག

༨༽ བསྟན་བཅོས་ལོ་རིམ་གཉིས་པར་ཞུགས་དགོས་ཚེ། དབུ་ཚད་གཉིས་དང། ཕར་ཕྱིན། མངོན་པ་མཛོད་བཅས་ལ་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་ན། ཚད་མ་རྣམ་རིགས་གང་རུང་དང་མཛོད། ཤེར་ཕྱིན་བཅས་ལ་ཡིག་ཚད་སྤྲད་ཅིང་འཕྲོད་ན་ཞུགས་ཆོག ཕྱག་འཁྱེར་མེད་ན་དེ་དག་ལ་ཡིག་ཚད་སྤྲད་ནས་ཞུགས་ཆོག

༩༽ བསྟན་བཅོས་ལོ་རིམ་གསུམ་པར་ཞུགས་དགོས་ཚེ། དབུ་ཕར་འདུལ་མངོན་ཚད་མ་བཅས་པོད་ཆེན་ལྔ་ལ་ཡིག་ཚད་ལོན་པའི་ཕྱག་འཁྱེར་ཡོད་ཕྱིན་བཀའ་པོད་ལྔ་ལས་གང་ཡང་རུང་བ་གསུམ་ལ་ཡིག་ཚད་འཕྲོད་ན་ཞུགས་ཆོག་ལ། ཕྱག་འཁྱེར་མེད་ན་ཕར་ཚད་འདུལ་མངོན་བཞི་ལ་ཡིག་ཚད་སྤྲད་ནས་ཞུགས་ཆོག

༡༠༽ ཕྱག་འཁྱེར་ཡོད་མེད་སུ་ཡང་ཐད་ཀར་སློབ་དཔོན་འཛིན་རིམ་དང་པོ་ཡན་ལ་ཞུགས་ཐུབ་ཀྱི་མེད་ལ། གོང་གསལ་ཡིག་ཚད་ལོན་པའི་ལག་འཁྱེར་ཡོད་མཁན་རྣམ་པས་ཀྱང་གསར་ཞུགས་སྐབས་ལག་འཁྱེར་མཉམ་དུ་ཁྱེར་ན་མ་གཏོགས་གོང་མར་འཇུག་རྒྱུ་མིན།

༡༡༽ ཐོག་མར་འཛུལ་ཞུགས་ཀྱི་ཆ་རྐྱེན་ལོན་ནས་འཛིན་གྲྭ་རིམ་གྱིས་སོང་ཡང། བསྟན་བཅོས་ལོ་རིམ་གཉིས་པ་མཐར་མ་ཕྱིན་པར་རིག་གནས་འཛིན་གྲྭར་འཛུལ་ཞུགས་ཐུབ་ཀྱི་མེད།

༡༢༽བསླབ་པ་མཐར་སོན་སོགས་ལག་འཁྱེར་རྣམས་བོར་བརླག་སོང་བ་དང་བསྐྱར་བཅོས་དགོས་ཚེ་ཐེངས་རེ་མ་གཏོགས་གོ་སྐབས་མེད་ལ་ལྷག་ཏུ་བོར་བརླག་སོང་རིགས་ལ་བཤད་གྲྭའི་འཛིན་སྐྱོང་གི་ཚོགས་མི་ཞིག་དང་། གཞན་བཤད་གྲྭར་བཞུགས་མཁན་གྱི་གྲྭ་པ་ཞིག་དཔང་པོར་ཡོད་ཅིང་འགན་འཁུར་ཡི་གེ་ཡོད་དགོས།

༡༣༽བཤད་གྲྭ་འདིར་སློབ་སྦྱོང་བྱས་རྗེས་ཡིག་ཚད་ཀྱི་གྲུབ་འབྲས་ཤོག་བུ་དང་། ལག་འཁྱེར་ཁག་དགོས་ན་བཤད་གྲྭའི་ཡིག་ཚང་ནས་དགོངས་འཁྲོལ་ཐོབ་པའི་དགོངས་ཤོག་མཉམ་འཁྱེར་དགོས།

༡༤༽ དམིགས་བསལ་ཐད་ཀར་འཛིན་གྲྭ་གོང་མར་ཞུགས་ཤིང་ཡིག་ཚད་གཏོང་དགོས་རིགས་དག་ལོ་ཕྱེད་ཡིག་ཚད་སྔོན་དུ་བཤད་གྲྭར་སླེབས་ན་འཛིན་གྲྭ་དེར་ལོ་ཕྱེད་ཡིག་ཚད་གཏོང་ཆོག

༡༥༽ དགོན་པ་གཞན་ལ་འདི་ནས་གཞུང་འབྲེལ་ཐོག་ནས་དགེ་རྒན་ཆེད་གཏོང་མཛད་པ་རྣམས་ཆོས་སྡེ་དེར་ལོ་ཧྲིལ་པོར་སློབ་འཁྲིད་བྱས་ཡོད་པའི་བདེན་དཔང་ཡིག་ཆ་ཚད་ལྡན་ཡོད་ན་ལོ་འཁོར་ཡིག་ཚད་ལས་ལོ་ཕྱེད་ཡིག་ཚད་ལ་ཞུགས་མི་དགོས།