༈ གཞི་རིམ་སློབ་གྲྭ།

༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་ལམ་སྟོན་བཞིན། སྤྱི་ལོ་ ༢༠༡༧ ལོར་བཤད་གྲྭ་འདིའི་ཁྱབ་ཁོངས་སུ་ལོ་ལྔའི་དུས་ཡུན་ཅན་གྱི་རྫོང་སར་སློབ་གྲྭ་ཀནིཥྐ་གསར་དུ་བཙུགས།

གཞི་རིམ་སློབ་མ་རྣམས་གཙུག་ལག་ཁང་ལ་མཇལ་ཁ།

སློབ་གྲྭ་འདི་འཛུགས་དགོས་པའི་དམིགས་ཡུལ་ནི། གནས་སྐབས་ཚེ་འདི་ལ་མི་བདེ་བ་རྐུ་འཕྲོག ལོག་གཡེམ། དམག་འཁྲུག བྱ་བ་ངན་ཞེན། རྣམ་གཡེང། གཉའ་གནོན། མི་གསོད། སེམས་སྡུག་སོགས་ཀྱི་རྩ་བ་འདོད་ཆགས། ཞེ་སྡང། ང་རྒྱལ། ཕྲག་དོག་སོགས་ཀྱི་གཉེན་པོར་གྱུར་པ་བྱམས་པ་དང་སྙིང་རྗེ། བསམ་གཏན་དང་ཤེས་རབ་བསྐྱེད་པ་དང། མཐར་ཐུག་གི་མི་བདེ་བ་འཁོར་བར་ཡང་ནས་ཡང་དུ་སྐྱེ་བ་བཀག་སྟེ་གཏན་གྱི་བདེ་བ་ཐར་པའི་གོ་འཕང་ཐོབ་པའི་ལམ་ཚང་ལ་མ་ནོར་བར་སྟོན་པ། སངས་རྒྱས་ཤཱཀྱ་ཐུབ་པའི་རིང་ལུགས་འདི་འཛམ་གླིང་དུ་ཡུན་རིང་དུ་གནས་དགོས་ན། སྐྱེ་བོ་སྤྱི་དང་ཡང་དགོས་ད་ལྟ་སངས་རྒྱས་བསྟན་པའི་བསྟི་གནས་སུ་གྱུར་པའི་ཡུལ་ལུང་དག་གི་མ་འོངས་པའི་བདག་པོ་བྱིས་པ་རྣམས་ཀྱི་བརྒྱུད་ལ་སངས་རྒྱས་ཀྱི་བསྟན་པའི་ས་བོན་འདེབས་དགོས་པ་གལ་ཆེན་དུ་ངོས་བཟུང་བའི་ཐོག རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་བྱིས་པ་བརྒྱ་ཕྲག་དུ་མར་ནང་ཆོས། བོད་ཡིག དབྱིན་ཡིག རྒྱ་ཡིག རྩིས། ཚན་རིག སྤྱི་ཚོགས་ཚན་རིག་སོགས་ཀྱི་ཤེས་ཡོན་སྤྲད་དེ་འབྱུང་འགྱུར་ནང་པ་སངས་རྒྱས་པའི་བསྟན་པ་ཡུན་གནས་ཡོང་བའི་རྨང་གཞི་སྐྲུན་རྒྱུ་དང། བྱིས་པ་དེ་དག་གི་མི་ཚེའི་ཁ་ཕྱོགས་ཡང་དག་པ་དང་དོན་དང་ལྡན་པ། རང་ཉིད་ཀྱི་རྐང་པའི་ཐོག་ཏུ་རང་ཉིད་བརྟན་པོ་ལངས་ཐུབ་པའི་མི་སྣ་སྐྱེད་སྲེང་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད།

ད་ལྟའི་ཆར་སློབ་མ་བདུན་ཅུ་ཙམ་གཞི་རིམ་སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད་པ་དང། དེ་དག་གི་སྡོད་གནས་དང་འཚོ་བའི་མཐུན་རྐྱེན་བཤད་གྲྭའི་སློབ་གཉེར་བ་སྤྱི་མཚུངས་སུ་སྤྲོད་བཞིན་པ་མ་ཟད། སློབ་སྦྱོང་དང་འཕྲོད་བསྟེན་ལ་ལྟ་རྟོག་དང་སྣེ་ཁྲིད་བྱེད་མཁན་ལས་བྱེད་ཆེད་བསྐོས་བྱས་ཏེ་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཐོག་ཤེས་ཡོན་སྤྲོད་བཞིན་པ་ཡིན།

སློབ་ཡུན་ལོ་ལྔ་ཚང་རྗེས་སོ་སོའི་ཕ་ཡུལ་དུ་ལོག་པའམ་སློབ་གཉེར་གྱི་བསྟི་གནས་གཞན་དུ་ཞུགས་འདོད་ཡོད་ན་འགྲོ་ཆོག་པ་ཡིན། གལ་ཏེ་མུ་མཐུད་དེ་བཤད་གྲྭར་སློབ་སྦྱོང་བྱ་འདོད་ཡོད་ན་བཤད་གྲྭའི་འཛིན་གྲྭ་དང་པོ་སྤྱོད་འཇུག་འཛིན་གྲྭ་ནས་ཞུགས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་དང། གཞུང་ཆེན་སློབ་གཉེར་ཐོན་མཚམས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་གཉེར་བཅས་ཆ་ཚང་བ་བཤད་གྲྭ་རང་ནས་གནང་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་བ་ཡོད། གཞི་རིམ་སློབ་གྲྭ་འདི་བཤད་གྲྭའི་འཛིན་སྐྱོང་འོག་ཡོད་སྟབས་ད་ལྟའི་ཆར་སློབ་ཕྲུག་བུ་མ་གཏོགས་བསྡུ་འཆར་མེད།

རང་གི་བྱིས་པ་རྫོང་བཤད་གྲྭའི་གཞི་རིམ་སློབ་གྲྭར་སློབ་གཉེར་དུ་གཏོང་འདོད་ཡོད་པའི་ཕ་མ་རྣམས་ཀྱིས་ང་ཚོའི་དྲ་ཚིགས་ཐོག་འཁོད་པའི་འབྲེལ་གཏུག་ཁ་བྱང་ཐོག་ནས་གཟའ་མཇུག་ཕུད་པའི་ལས་ཉིན་གྱི་ཞོགས་པའི་ཆུ་ཚོད་ 09:00 ནས་ 11:00 བར་དང། ཕྱི་དྲོའི་ཆུ་ཚོད་ 01:00 ནས་ 05:00 བར་འབྲེལ་གཏུག་གནང་རོགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *