འཕྲོད་བསྟེན།

 

 

༄༅། །བཤད་གྲྭའི་སྨན་ཁང།

 

བཤད་གྲྭའི་དགེ་སློབ་རྣམས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་བྱ་རྒྱུ་ནི་དགེ་སློབ་རྣམས་ཀྱི་འཆད་ཁྲིད་དང་སློབ་སྦྱོང་དུས་ལྟར་བྱེད་ཐུབ་པ་དང། སྦྱངས་འབྲས་ཕུལ་དུ་བྱུང་བ་ཐོབ་པར་གལ་ཆེའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པར་བརྟེན། བཤད་གྲྭའི་ངོས་ནས་འཕྲོད་བསྟེན་སྨན་ཁང་ཆེད་འཛུགས་བྱས་ཏེ་དགེ་སློབ་རྣམ་པའི་སྐུ་གཟུགས་བདེ་ཐང་ལ་འགན་ལེན་གང་ལེགས་བྱེད་བཞིན་ཡོད། བཤད་གྲྭའི་སྨན་ཁང་ནི་རུང་ཁང་ཆེན་མོའི་རྒྱབ་ཕྱོགས་སུ་ཡོད་ཅིང། དེར་བརྟག་དཔྱད་ཁང་དང་། སྨན་མཛོད་ཁང། སྨན་ལེན་ས། ནད་པའི་ཉལ་ཁང། སྨན་ཞབས་མའི་ལས་ཤག སྨན་ཁང་འགན་འཛིན་གྱི་ལས་ཤག ཐབ་ཚང། མདུན་ངོས་བར་ཁྱམས་བཅས་ལས་གྲུབ་ཅིང། གཙང་སྦྲ་དོད་ལ་སྤྱོད་ཐབས་བདེ་བའི་ཐོག་བརྩེགས་གཅིག་ཅན་གྱི་ཁང་བསྟར་ཞིག་ཡིན། བདུན་ཕྲག་རེར་ཕྱི་ལུགས་སྨན་པ་ཐེངས་གཉིས་རེ་གདན་ཞུ་བྱས་ནས་དགེ་སློབ་རྣམ་པའི་ནད་གཞིར་བརྟག་དཔྱད་བྱེད་པ་དང། ནད་གཞི་ཅུང་ཆེ་རིགས་ཕོག་པའི་ནད་པ་རྣམས་སྨན་པའི་ལམ་སྟོན་བཞིན་རྡ་ས་དང་ཅན་དྷི་གྷར་སོགས་སུ་རྒྱ་བོད་སྨན་ཁང་ཁག་ལ་སྨན་བཅོས་སུ་གཏོང་གིན་ཡོད། སྤྱི་ལོ་ ༢༠༡༤ ལོ་ནས་བཟུང་སྐུའི་བླ་སྨན་ཚེ་དབང་རྟ་མགྲིན་མཆོག་གིས་དང་བླངས་ཐོག་ཉིན་བཅོ་ལྔ་རེའི་མཚམས་སུ་བཤད་གྲྭར་ཕེབས་ཏེ་བཤད་གྲྭའི་དགེ་སློབ་དང་ཉེ་འཁོར་མི་མང་གི་ནད་གཞིར་བོད་ལུགས་གསོ་རིག་གི་ལམ་ནས་བརྟག་དཔྱད་གནང་གི་ཡོད་པ་དང་། སྤྱི་ལོ་༢༠༠༨ ལོ་ནས་ཐེ་ཝན་ཆོས་ཀྱི་འབྱུང་གནས་ཆོས་ཚོགས་ཀྱི་གོ་སྒྲིག་འོག་ཐེ་ཝན་སྨན་དཔྱད་ཚོགས་པ་ཞིག་ལོ་རེ་བཞིན་དབྱར་གནས་སྐབས་སུ་དང་བླངས་ཀྱིས་ཕེབས་ཏེ་ཕྱི་ལུགས་དང་ཀྲུང་ལུགས་གཉིས་ཀྱི་ལམ་ནས་སྨན་བཅོས་བྱེད་པ་དང་རྒྱུན་པར་སྨན་ཁང་དུ་སྨན་ཞབས་མ་ཞིག་གཏན་སྡོད་ཀྱིས་དགེ་སློབ་རྣམ་པའི་འཕྲོད་བསྟེན་ལ་ལྟ་རྟོག་གང་ལེགས་བྱེད། ནད་རིགས་དམིགས་བསལ་བ་རེ་ཟུང་གི་སྨན་མ་གཏོགས་སྤྱིར་བཏང་གི་ཕྱི་ལུགས་སྨན་ཚང་མ་བཤད་གྲྭའི་སྨན་ཁང་ནས་རིན་མེད་ཐོག་རག་ཐུབ་ཅིང། གལ་སྲིད་སྨན་ཁང་གི་ལམ་སྟོན་བཞིན་ཕྱི་ལོགས་ནས་སྨན་ཉོ་དགོས་རིགས་བྱུང་ནའང་དེ་དག་གི་སྨན་རིན་བརྒྱ་ཆའི་བདུན་ཅུ་དང་ནད་གཞི་ཛ་དྲག་ཕོག་པ་བྱུང་ཚེ་སྨན་བཅོས་ཀྱི་འགྲོ་གྲོན་ཡོངས་རྫོགས་བཤད་གྲྭ་གཞུང་གིས་ནར་གཏོང་བྱེད་བཞིན་ཡོད།