གཙུག་ལག་དགེ་རྒན།

 

༄༅། །གཙུག་ལག་སློབ་གཉེར་ཁང་འདིར་འཆད་ཁྲིད་གནང་བཞིན་པའི་གཙུག་ལག་དགེ་རྒན་རྣམ་པ་ནི། བདེ་བར་གཤེགས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་དངོས་དང་བརྒྱུད་པའི་གསུང་ལས་སྐྱེས་ཤིང། མདོ་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ནས་གཞུང་བཀའ་པོད་ལྔའམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་གསན་བསམ་མཐར་ཕྱིན་པ་དང། སྔགས་ཀྱི་རྒྱུད་སྡེ་ཆེན་པོ་བཞིའི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ལེགས་པར་ཐོབ་ཅིང་སྡོམ་དང་དམ་ཚིག་ལ་ལེགས་པར་གནས་པ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་ཆེན་ཀུན་དགའ་དབང་ཕྱུག བཤད་གྲྭའི་འཛིན་སྐྱོང་སྔ་ཕྱི་རིམ་པས་སློབ་སྦྱོང་གི་མཁྱེན་རྒྱ། མི་གཞིའི་ཀུན་སྤྱོད། ལྷག་བསམ་དང་སེམས་ཤུགས་རྩེ་མོར་སོན་པ་དག་འདེམས་སྒྲུག་གིས་སྐྱོར་དཔོན་ནས་དགེ་རྒན། དགེ་རྒན་ནས་མཁན་པོའི་གོ་སར་བསྐོས་ཤིང། སློབ་ཁྲིད་ཀྱི་ཉམས་མྱོང་གང་ལེགས་ལྡན་པའི་ཐོག་སྔ་ཕྱིར་མཁྱེན་བརྩེ་ཐེབས་རྩའི་གོ་སྒྲིག་འོག འཛམ་གླིང་གཙུག་ལག་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་ཟབ་སྦྱོང་སྤྲོད་མཁན་གྲགས་ཅན་ལྕམ་དྷ་སི་ལགས་དང་ཁོང་གི་ལས་རོགས་རྣམས་ཀྱི་མདུན་ནས་དེང་རབས་དགེ་རྒན་གྱི་ཟབ་སྦྱོང་རིམ་པར་ཐོབ་པའི་ཚད་ལྡན་གྱི་གཙུག་ལག་དགེ་རྒན་ཉི་ཤུར་ཉེ་བས་འཛིན་གྲྭ་སོ་སོར་འཆད་ཁྲིད་གནང་བཞིན་ཡོད་དོ། །