རྒྱུན་གྱི་ཞབས་རིམ།

 

 

༄༅། །རྫོང་སར་བཤད་གྲྭ་འདིར་རྒྱུན་ལྡན་ལོ་གཅིག་གི་རིང་བསྒྲུབ་རྒྱུའི་ཞབས་རིམ།

 

འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བསྟན་པའི་སྦྱིན་བདག་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་སེལ་ཞིང་ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ཞི་ཞིང་སྐྱེ་འགྲོ་སྤྱི་ལ་སྨན་པའི་ཞབས་རིམ་དུ། ལོ་རེ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་རེ་དང་། སྒྲོལ་མ་འབུམ་ཐེར་གསུམ་རེ། གཏུམ་ཆེན་མ་འབུམ་ཐེར་རེ། རྒྱུན་དུ་མགོན་བླ་ལྔ་རེས་བསྐང་གསོ་དང་སྒྲོལ་ཆོག་ཉིན་ལྟར་ཆད་མེད་དང་ཟླ་རེའི་ནང་རེས་མོས་ཀྱི་བརྒྱ་བཞི་དང་བདུད་ཟློག་ཐེངས་རེ་གསུང་བཞིན་ཡོད། གྲྭ་མང་སྤྱིས་ཉིན་རེ་བཞིན་སྔ་དྲོར་རྒྱུན་ཆགས་གསུམ་པ་དང་འབྲེལ། བར་བསམ་སྒྲོལ་གསུམ་དང་གུ་རུའི་མཚན་སྔགས་གྲངས་གསོག ཕྱི་དྲོ་ཤེས་རབ་སྙིང་པོ་དང་སྨོན་ལམ་རྣམ་ལྔ་སོགས་བསྔོ་སྨོན་གྱི་རིགས་གསུང་བཞིན་ཡོད། ཟླ་བ་བྱུང་ངོ་ཅོག་གི་བོད་ཚེས་ཉེར་དགུ་འཆར་ཅན་ལ་བསྐང་གསོ། བདུན་ཕྲག་རེར་རེས་གཟའ་ལྷག་པའི་ཉིན་རེས་མོས་ཀྱིས་ཚེ་ཆོག་དང་སྨན་ཆོག བཤད་གྲྭའི་གུང་སེང་འཛོམ་སྐབས་དམིགས་བསལ་ཡོན་རྒྱག་ཇི་ལྟར་བྱུང་བ་བཞིན་སྒྲུབ་པ་དང་། དབྱར་གནས་སྔོན་དང་། གུང་སེང་གཏོང་ཁ་བཅས་སུ་སྒྲོལ་མ་གཡུལ་ཟློག་ཉིན་གསུམ་རེ། དབྱར་གནས་མཇུག་ཏུ་གཤིན་པོ་རྣམས་ཀྱི་ཆེད་དུ་ཀུན་རིག་གི་སྦྱང་ཆོག་གསུང་བཞིན་ཡོད།