༈ རྒྱལ་མཚན་ཆོས་གྲགས།

རྒྱལ་མཚན་ཆོས་གྲགས།

 

སྤྱི་ལོ་ ༡༩༧༡ ལོར་བོད་མདོ་ཁམས་གླིང་ཚང་རྫ་རྒྱུད་ཡར་གླིང་གྲོང་དུ་སྐུ་འཁྲུངས། དགུང་ལོ་བདུན་ལ་ཀློག་སློབ་འགོ་བཙུགས། དགུང་ལོ་བརྒྱད་ཙམ་ནས་འདོན་ཆོག་སྐོར་ལ་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་ཐོག་སྡེ་དགེ་དགོན་ཆེན་དགོན་པའི་བླ་མ་སྒེས་བླ་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་དབང་ཁྲིད་ཁག་ཅིག་ཞུས།

སྤྱི་ལོ་ ༡༩༩༡ ལོར་རྒྱ་གར་ལ་སློབ་གཉེར་དུ་ཕེབས། འཕགས་ཡུལ་རྫོང་སར་བཤད་གྲྭར་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་ཞབས་ལ་གཏུགས་ཏེ་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་ལ་གཞུང་ཆེན་བཅུ་གསུམ་མམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པའི་ཁྲིད་ལུང་གི་རྒྱུན་གང་བཞུགས་ཐམས་ཅད་དང། མཁན་རིན་པོ་ཆེ་ཁོང་གིས་ལྗགས་རྩོམ་མཛད་པའི་གསུང་རྩོམ་དང་གཞུང་འགྲེལ་ཡོངས་རྫོགས་བུམ་པ་གང་བྱོར་ཐོབ། དེ་བཞིན་ས་སྐྱ་བཀའ་འབུམ་དང་སྒྲུབ་ཐབས་ཀུན་བཏུས། བཀའ་གདམས་ཕ་ཆོས་བུ་ཆོས། ཐོགས་མེད་གསུང་འབུམ་སོགས་ཀྱི་ཁྲིད་ལུང་མང་དུ་མནོས། གཞན་ཡང་༸སྐྱབས་མགོན་རྒྱལ་བའི་དབང་པོ་དང། ༸གོང་མ་ཁྲི་ཆེན་རིན་པོ་ཆེ། བདག་ཆེན་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ། བཅོ་བརྒྱད་ཁྲི་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དུས་འཁོར་དབང་ཆེན་དང་གསུང་ངག་ལམ་འབྲས་གཙོ་བོར་གྱུར་པའི་དབང་དང་གདམས་པ་མང་དུ་ཞུས།

 

སྤྱི་ལོ་ ༡༩༩༩ ལོར་བཤད་གྲྭའི་དགེ་བསྐོས་དང། སྤྱི་ལོ་ ༢༠༠༠ ལོར་སྐྱོར་དཔོན། སྤྱི་ལོ་ ༢༠༠༡ ནས་ ༢༠༠༤ བར་དགེ་རྒན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༤ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་༸གོང་ས་མཆོག་གི་སྤྱན་སྔ་ནས་མཁན་པོའི་མཚན་གནས་བསྩལ། སྤྱི་ལོ་ ༢༠༠༦ ལོར་མཁན་རིན་པོ་ཆེའི་བཀའ་བཞིན་ལོ་གཅིག་རིང་ཐེ་ཝན་དུ་ཆོས་ཁྲིད་མཛད་དུ་ཕེབས། སྤྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་ལོ་གསུམ་རིང་བཤད་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས། བཤད་གྲྭར་བཞུགས་རིང་ཁྱོན་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་མཁན་རིན་པོ་ཆེའི་བཀའ་སློབ་དང་བཀའ་ཁྲིད་སྒྲ་འཇུག་མཛད་པ་དང། འཁོར་ཐག་དང་གསུང་རྩོམ་བསྡུ་རུབ་དང་ཉར་ཚགས་ཀྱི་ཕྱག་ལས་གནང་ནས་མཁན་ཆེན་མཆོག་གི་གསུང་འབུམ་གྱི་མ་ཕྱི་བསྡུ་རུབ་མཛད་དེ། སྤྱི་ལོ་ ༢༠༠༨ ལོར་གསུང་འབུམ་ཞུ་སྒྲིག་ཁང་དངོས་སུ་བཙུགས། སྤྱི་ལོ་ ༢༠༠༩ ལོར་ཝར་ཎ་མཐོ་སློབ་ཀྱི་རོགས་རམ་འོག་མཁན་རིན་པོ་ཆེའི་གསུང་སྒྲ་ཐག་ནང་བཞུགས་སོ་ཅོག་ཟེར་སྡེར་དུ་བླུགས།

 

སྤྱི་ལོ་ ༢༠༡༠ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ནས་དགོངས་འཁྲོལ་ཐོབ་པ་བཞིན་ཕ་ཡུལ་དུ་ཕེབས་ཏེ་རང་དགོན་དུ་འཆད་ཁྲིད་མཛད་པ་དང། རྫོང་སར་གཱ་གུ་རི་ཁྲོད་དུ་ལོ་གཉིས་ཙམ་བཞུགས་ནས་མཁན་པོ་འཇམ་སེང་རིན་པོ་ཆེ་གཙོ་བོར་གྱུར་པའི་མཁན་པོ་འཆི་མེད་ཚེ་རིང་དང་མཁན་པོ་ཚེ་རྒྱལ། མཁན་པོ་དབང་ཆེན། བླ་མ་ཆོས་འཕེལ་གྲགས་པ། བླ་མ་འཆི་མེད་རྣམ་རྒྱལ། བླ་མ་འགྱུར་དགའ། བླ་མ་བསམ་འགྲུབ་བཀྲ་ཤིས་བཅས་ཀྱི་མདུན་ནས་སྔགས་ཕྱོགས་ཀྱི་ཆོས་སྐོར་མང་དུ་ཞུས་ཤིང་ཕར་ལའང་ཁྲིད་ལུང་མང་ཙམ་ཕུལ། གཞན་ཡང་མཁན་པོ་འཆི་མེད་ཚེ་རིང་གི་མདུན་ནས་བཀའ་འགྱུར་རིན་པོ་ཆེ་གཙོས་པའི་ཀློག་ལུང་དུ་མ་དང། དགེ་བཤེས་བློ་བཟང་སྙན་གྲགས་མདུན་ནས་རྗེ་རིན་པོ་ཆེའི་གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཀའ་ཁྲིད་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་གྱི་ལུང། དགེ་བཤེས་བློ་བཟང་གི་མདུན་ནས་རྗེ་དགེ་འདུན་གྲུབ་པའི་འདུལ་བའི་གླེང་འབུམ་ཆེན་མོ་སོགས་ཀྱི་ལུང་། མཁན་པོ་པདྨ་རྒྱལ་མཚན་མདུན་ནས་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕལ་ཆེ་བའི་ལུང། སྤྲུལ་ཨ་བརྟན་ཕུན་ཚོགས་མདུན་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་ཤེར་ཕྱིན་དང་མཛོད་ཀྱི་འགྲེལ་བ། མི་ལའི་རྣམ་ཐར་མཛོད་ནག་མ་བཅས་ཀྱི་ལུང། བླ་མ་བསྟན་འཛིན་ཆོས་དར་མདུན་ནས་ཀརྨ་པ་བདུད་འདུལ་རྡོ་རྗེའི་གསུང་འབུམ་ལས་རྒྱུན་བཞུགས་སོ་ཅོག་དང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་འབུམ། ཇོ་ནང་ཏ་ར་ན་ཐའི་གསུང་འབུམ་སོགས་ཀྱི་ལུང་ཞུས་ཤིང། ཆོས་སྐོར་འདི་དག་གང་ལས་ཞུས་པའི་བླ་མ་རྣམས་ལ་ཕར་ལའང་ཁྲིད་ལུང་དུ་མ་ཕུལ་ཏེ་ཕན་ཚུན་བླ་སློབ་ཏུ་གྱུར། དེང་སྐབས་སྙུང་གཞིའི་རྐྱེན་པས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུར་སྨན་བཅོས་མཛད་ཞོར་ཉམས་ལེན་ལ་གཞོལ་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *