༈ གདོང་ཚང་ཞབས་དྲུང་རིན་པོ་ཆེ།

གདོང་ཚང་ཞབས་དྲུང་རིན་པོ་ཆེ།

༄༅། །སྐྱབས་རྗེ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་ནི་སྤྱི་ལོ་ ༡༩༨༣ ལོར་ཡབ་གླིང་ཚང་ཐུབ་བསྟན་བློ་གྲོས་དང་། ཡུམ་འདན་མ་བསོད་ནམས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག ༸ སྐྱབས་མགོན་ ༸ གོང་མ་ཁྲི་ཆེན་རིན་པོ་ཆེས་སྐྱབས་རྗེ་གདོང་ཚང་ཞབས་དྲུང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། དེ་ལོ་ནས་གདན་ས་ཆེན་མོ་འཕགས་ཡུལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ལོ་དྲུག་རིང་འདོན་ཕྱག་ལེན་གྱི་སྐོར་སྦྱངས་པ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་གསུམ་ནས་འཕགས་ཡུལ་རྫོང་སར་བཤད་གྲྭར་ཕེབས་ནས་ལོ་དགུའི་རིང་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཐར་ཕྱིན་པར་གནང་ནས་རྫོང་སར་རང་དུ་དཔེ་ཁྲིད་ལོ་གཅིག་རིང་གནང་།

 

དེ་ནས་སྤྱི་ལོ་ ༢༠༠༤ ལོར་ ༸ སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ ༸ གོང་ས་ ༸ རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་སྤྱན་སྔ་ནས་མཁན་པོའི་ཕྱག་ཁྱེར་གནང་། དེ་ནས་གསལ་བྱེད་ནང་བསྟན་སློབ་གྲྭར ༸ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གིས་དབུས་སློབ་བུ་དུ་མར་ལོ་གཉིས་ལ་ཉེ་བར་དཔེ་ཁྲིད་གནང་ཞིང་ལོ་རྒྱུས་ཀྱི་ནང་ནས་ ༸ དཔལ་རྒྱལ་བའི་དབང་པོ་ཀརྨ་པས་ཡོངས་འཛིན་དུ་བསྟེན་པ་སྐུ་ན་གཞོན་ཤོས་དེ་ཆགས་པ་རེད། དེང་གི་ཆར་རྒྱལ་ཕྱི་ནང་གང་སར་ཆོས་འཆད་ཉན་སོགས་ཀྱི་ཕྲིན་ལས་ཀྱི་སྣང་བས་ཁྱབ་དང་ཁྱབ་བཞིན་པ་དང་། དེ་དག་གི་སྐབས་རེ་འགར་ ༸ སྐྱབས་མགོན་ ༸ གོང་མ་ཁྲི་ཆེན་རིན་པོ་ཆེ། དྲུང་དབང་པདྨ་ནོར་བུ། ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་བཅས་ཀྱི་མདུན་ནས་དབང་ལུང་མན་ངག་ཁྲིད་དུ་མ་གསན་ཅིང་ཡི་དམ་ལྷའི་བསྙེན་མཚམས་ཡང་མང་དུ་བཞུགས་མཛད་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *