ལེགས་བཤད་ལྗོན་དབང་གི་བདག་སྒྲ་ཆ་ཡའི་གོ་དོན་འཚོལ་བ།

____ སྟག་ཕྲུག རྒྱལ་མཚན་དར་རྒྱས། འཛིན་རིམ་བཅུ་པ།

 

༄༅། །ཨ་རིར་གནས་བཞུགས་ཀརྨ་དགེ་ལེགས་ཞེས་པའི་སྨྱུག་ཐོགས་པ་ཞིག་གིས་ལེགས་བཤད་ལྗོན་དབང་གི་བདག་སྒྲའི་སྒྲ་ཡི་འཇུག་པའི་སྐབས་ཀྱི། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་དོན་ལ་སྔོན་བྱོན་མཁས་པ་ཚྭ་སྤྲུལ་དང་རྡོ་རྗེ་རྒྱལ་པོ། དུང་དཀར་བློ་བཟང་ཕྲིན་ལས་བཅས་པའི་འགྲེལ་ཚུལ་ཡིན་རེ་བ་རེ་སྔ་རྒོལ་དུ་བཟུང་ནས་བཀག་སྟེ། རང་གི་འདོད་པ་བརྗོད་པ་ན། བདག་སྒྲ་ཡར་གྱུར་ནི་བདག་སྒྲ་གཅིག་ལས་མེད་པའམ། བདག་སྒྲ་ཁེར་རྐྱང་ཞེས་པའི་དོན་དང། བདག་སྒྲ་ཆ་གྱུར་ནི་བདག་སྒྲ་གཉིས་ཡོད་པའམ། བདག་སྒྲ་འཕར་མ་ཡོད་པའི་དོན་དུ་བཤད་དེ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་རྗེས་སུ་ཀརྨ་དགེ་ལེགས་ཁོང་མ་བྱོན་གྱི་བར་དུ་བདག་སྒྲའི་ཆ་ཡ་ཚུལ་བཞིན་འགྲེལ་མཁན་ཞིག་བོད་གངས་ཅན་ལྗོངས་སུ་བྱུང་མ་མྱོང་ཞེས་སྐད་གསང་མཐོན་པོས་བསྒྲགས་པའི་རྩོམ་ཡིག་ཅིག ང་རང་གི་མཐོ་རིམ་རིག་གནས་དགེ་རྒན་མེ་འོད་ལགས་བརྒྱུད་དེ་ལག་ཏུ་སོན་ཅིང། དགེན་ལགས་ཀྱིས་རྩོམ་འདི་ལ་བཤད་པ་གཞན་དང་མ་འདྲ་བ་ཡོད་པས་ངེས་པར་ཀློག་དགོས་པའི་སྐུལ་མ་གནང་བ་བཞིན་ཞིབ་ཀྱིས་བཀླགས་པ་ན། དེ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདོད་ཀྱི་ཀུན་རྟོག་མཁའ་ལ་འཕྱོ་བར་གྱུར་ཏོ། །

དེ་ལ་དཔྱད་པར་བྱ་བ་ལ་གསུམ་སྟེ། སྒྲུབ་བྱེད་འཐད་ལྡན་མིན་པ་བོད་སྐད་དཔང་དུ་འཇོག ལྗོན་དབང་རྩ་བའི་དགོངས་དོན་མ་འཁྱོག་དྲང་པོར་སྲོང། སྔོན་བྱོན་མཁས་པའི་གསུང་གི་གོ་བ་མ་ནོར་བ་སྦྱིན་པའོ། །དང་པོ་ལ་གཉིས་ཏེ། སྔ་རྒོལ་གྱི་འདོད་པ་སྒྲོ་སྐུར་སྤངས་ཏེ་བརྗོད། དེ་ལ་རིགས་པས་བརྒལ་ཞིང་བརྟག་པའོ། །དང་པོ་ནི། ཁྱེད་ཀྱིས་ཆ་ཡ་བདག་སྒྲ་ཉིས་བརྩེགས་ཡིན་མིན་ལ་འཇོག་དགོས་པའི་སྐད་གསང་མཐོན་པོ་དེ་འདེགས་པར་བྱེད་པ་ལ་ཀ་བ་གསུམ་བཙུགས་ཏེ། དང་པོ། ལེགས་བཤད་ལྗོན་དབང་གི་ཚིག་རང་གི་ངོ་གདོང་ནས་བདག་སྒྲ་ཁོ་རང་ལ་ཡ་ཆ་གཉིས་སུ་དབྱེ་ཡོད་པར་བཤད།

གཉིས་པ། བརྗོད་བྱའི་དོན་གྱི་ཆ་ནས་ཀྱང་ནང་བ། མཐའ་བ། མགར་བ། རྒྱལ་བ། བཟོ་བ། ལྟ་བུ་བདག་སྒྲ་ཡར་གནས་པ་ལ་དེ་དག་གི་མཐར་ཡང་སྐྱར་བདག་སྒྲ་གཅིག་སྦྱར་ཏེ། ནང་བ་པ། མཐའ་བ་པ། མགར་བ་པ། རྒྱལ་བ་པ། བཟོ་བ་པ། ལྟ་བུ་བདག་སྒྲ་ཉིས་བརྩེགས་ཆར་གྱུར་པ་ཡིན་ཞེས་བཀོད།

གསུམ་པ། མཐའ་མེད་ལ་བདག་སྒྲ་བ་དང་བོ་ཐོབ་པ་ཡོངས་གྲགས་ཡིན་ཡང། ནང་བ་དང་ཀ་བ་ལྟ་བུའི་བ་གཉིས་མཐའ་མེད་ཡིན་ཡང་བ་སྦྱར་ན་བརྗོད་མི་བདེ་བས་པ་དང་པོ་གང་རུང་སྦྱར་ན་བརྗོད་བདེ་བའི་ཕྱིར། ལེགས་བཤད་ལྗོན་དབང་ལས། ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་བདག་སྒྲ་ཉིས་བརྩེགས་ལ་པ་དང་པོ་གང་རུང་སྦྱར་དགོས་པར་གསུངས་པ་ལ་རྒྱུ་མཚན་ཡང་དག་དང་ལྡན་ནོ་ཞེས་རྒྱུ་མཚན་རྣམ་པ་གསུམ་ལ་བརྟེན་ནས་སྐབས་འདིའི་ཆ་ཡ་དེ་བདག་སྒྲ་ཉིས་བརྩེགས་ཡོད་མེད་ལ་གོ་དགོས་པའི་བསམ་ཚུལ་སྔར་བྱུང་མ་མྱོང་བ་ཞིག་བཏོན་ཏོ། །

གཉིས་པ་ནི། ཁྱེད་ཀྱི་སྒྲུབ་བྱེད་གསུམ་བཀོད་པའི་རྩ་བ་ནི་པྲ་ཏིའི་དཔེར་བརྗོད་ཀ་བ་པ། གསེར་ཏོག་གི་ནང་བ་པ། སི་ཏུའི་གསུང་བ་པོ། འགྲེལ་བ་པོ་སོགས་གསུངས་ཡོད་དོ་ཞེས་དེ་དག་ལ་བྱས་འདུག་མོད། དེ་ནི་ཤིན་ཏུ་འཁྲུལ་བའི་རིགས་འདྲེ་བྱེད་ཐལ་ཤོར་བ་ཞིག་སྟེ། ཀ་བ་པ་ཞེས་པའི་བ་དེ་མིང་གི་ཆ་ཤས་ཡིན་པ་ལས་བདག་སྒྲ་གཏན་མ་ཡིན་པ་བོད་སྐད་ཤེས་པ་ཞིག་ཡིན་ན་གོ་སླ་བར་མ་ཟད། པྲ་ཏི་ཉིད་ཀྱིས་ཀུན་བཟང་དགོངས་རྒྱན་ལས།[1] “པ་བ་བོ་ཅན་གྱི་སྒྲ་ཕོ་རྟགས་སུ་གྱུར་པ་དེ་རྣམས་མེད་པ་དཔེར་ན། རྟ། གསེར། སེ་ར། ལྷ་ས། སྨ་ར། བུམ་པ། ཀ་བ་ལ་སོགས་པའོ། །དེ་དག་ལ་པ་བ་བོ་ཅན་གང་ཡང་རུང་བ་སྦྱར་བས། རྟ་པ། གསེར་པ། སེ་ར་པ། ལྷ་ས་པ། སྨ་ར་ཅན། ཀ་བ་པ། བུམ་པ་བ། མྱོང་བ་པོ། བློ་ལྡན་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ། །བུམ་པ་དང། ཀ་བ་ལྟ་བུའི་པ་དང་བ་ནི། རང་མིང་གི་ཆ་ཤས་སུ་ཐོག་མ་ནས་གྲུབ་པས་བདག་པོའི་སྒྲ་མིན་པ་ནི། པུ་ལིངྒ་ཡི་སྒྲ་མེད་པ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །” ཞེས་ཀ་བ་པ་ཞེས་པའི་བ་བདག་སྒྲ་མིན་པར་གསལ་པོར་གསུང་བཞིན་དུ་མ་མཐོང་བའམ་མ་རངས་པའི་ཚུལ་གྱིས་རང་གི་ཞེ་འདོད་སྒྲུབ་བྱེད་དུ་མིང་མཐའི་བ་འདི་ཉིད་བདག་སྒྲར་བྱས་ཏེ་བདག་སྒྲ་འཕར་མ་ཞེས་བྱ་བར་གྱུར་ཚུལ་བཤད་པ་ནི་གཏན་མི་རིགས་སོ། །

དེ་བཞིན་དུ་ནང་བ་པ་ཞེས་པ་ཡང་དེ་དེ་བཞིན་དུ་ཡིན་ཏེ། གསེར་ཏོག་ཉིད་ཀྱིས་མཛད་པའི་སུམ་རྟགས་འགྲེལ་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས།[2] “ནང་བ་པ། ཞི་བ་པ། རྒྱལ་བ་པ། ལྟ་བུའི་བ་སྔོན་མས་བདག་དོན་མི་སྟོན་པས་དང།” ཞེས་ནང་བའི་བ་ཡིག་དེ་བདག་སྒྲ་མིན་པར་རྩོམ་པ་པོ་སྐུ་དངོས་ཀྱིས་ཐག་བཅད་པ་ལ། ཁྱོད་ཀྱིས་བདག་སྒྲ་འཕར་མ་ཞེས་པ་སྒྲུབ་བྱེད་དུ་གང་གི་གསུང་ཡང་ཡལ་བར་དོར་ནས་སྨྲ་བ་ནི། ནགས་སུ་གནས་པའི་སྤྲེའུ་རྣམས། །ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་པའི་ཟླ་རུ་སོང་འདུག་སྙམ།

ཡང་གསུང་བ་པོ་ཞེས་པའི་བ་ཡིག་བདག་སྒྲར་འདོད་པ་ནི་ངོ་མ་བོད་སྐད་ལ་སྔར་ན་མ་གྲགས་པའི་འགྲེལ་བཤད་དེ། གསུང་བ་ནི་ཟ་བ་དང་མཚུངས་པར་བྱ་བྱེད་བདག་གཞན་དུས་གསུམ་གང་ལའང་བྱེ་བྲག་ཏུ་མི་འཇུག་པའི་བྱ་བའི་མིང་ཙམ་དུ་གྲུབ་པ་སྨྲ་སྒོ་མཚོན་ཆའི་དགོངས་པ་ཡིན་པས་སོ། །སྤྱིར་ཁྱོད་ཀྱིས་གསུང་བ་པོ་དང། ཟ་བ་པོ་དང། འགྲེལ་བ་པོ་སོགས་མང་པོ་ཞིག་སི་ཏུས་བཀོད་པའི་བདག་སྒྲའི་དཔེར་བརྗོད་ཡིན་པའི་ཟོལ་གྱིས་བཀོད་འདུག་མོད། སི་ཏུའི་མུ་ཏིག་ཕྲེང་མཛེས་ལས་བདག་སྒྲ་འཆད་པའི་སྐབས་སུ་འདི་རྣམས་ལས་གང་ཡང་དཔེར་བཀོད་མི་འདུག རེད་དེ་རྟགས་ཀྱི་འཇུག་པའི་སྔོན་འཇུག་ཅི་ཕྱིར་འཇུག་གི་དངོས་པོ་བདག་བྱེད་པ་པོ་ལ་འཇུག་པ་བཤད་པའི་སྐབས་སུ་[3] “གསུང་བ་པོ་” ཞེས་པ་འདི་བྱུང་བ་ཙམ་མོ། །འོན་ཀྱང་དེར་གསུང་བ་ཞེས་པའི་བ་ཡིག་བདག་སྒྲར་ཕྱོགས་ཙམ་ཡང་མ་གསུངས་པ་མ་ཟད། བདག་སྒྲ་འཆད་པའི་སྐབས་སུ།[4] “དེ་བཞིན་དུ། ཡོད་པ་པ། མེད་པ་པ། བྱེད་པ་པོ། ཤེས་པ་པོ། ལྟ་བུ་རྣམས་ཀྱང་སྔོན་ནས་ཡོད་པའི་པ་སྒྲ་རྣམས་བདག་པོའི་དོན་མི་སྟོན་པའི་ཕྱིར་པུ་ལིངྒའི་སྒྲ་མིན་པས་སླར་པུ་ལིངྒའི་སྒྲ་སྦྱར་ཏེ་བདག་པོའི་དོན་ཅན་དུ་སོང་བ་ཡིན་ནོ། །” ཞེས་འཆད་པ་པོ་དང་ཆ་འདྲ་བ་བྱེད་པ་པོ་ཞེས་པའི་པ་ཡིག་དེ་བདག་སྒྲ་མ་ཡིན་པ་གསལ་པོར་གསུངས་ན་འཆད་པ་པོ་ཞེས་པའི་པ་ཡིག་བདག་སྒྲར་བཞེད་དགོས་པ་ཞིག་བཙན་པོས་ཁྲིམས་སུ་བཅའ་བ་ཡང་དཀའ་ན་ལུང་དང་རིགས་པའི་ཐོག་ནས་བསྒྲུབ་པར་ག་ལ་ནུས་ཏེ་མི་ནུས་སོ། །

དེ་ལྟར་ཁྱོད་ཀྱི་སྒྲུབ་བྱེད་ཀྱི་རྩ་བ་གསུམ་པོ་འདི་སྒྲུབ་བྱེད་འཐད་ལྡན་མ་ཡིན་ན། དེ་ལ་རྟེན་པའི་སྒྲུབ་བྱེད་ལེགས་བཤད་ལྗོན་དབང་གི་ཚིག་གི་ངོ་གདོང་ལས་བདག་སྒྲ་རང་ལ་ཆ་ཡ་གཉིས་སུ་དབྱེ་ཡོད་པར་འདོད་པ་དང། ནང་བ་དང་མགར་བ་ལྟ་བུའི་བ་ཡིག་བདག་སྒྲ་རུ་བྱས་ནས། དེ་ལ་ཡང་བསྐྱར་བདག་སྒྲ་གཅིག་བསྣན་ཏེ་ནང་བ་པ་དང་མགར་བ་པ་ལྟ་བུ་བདག་སྒྲ་ཉིས་བརྩེགས་སུ་འདོད་པ། ནང་བ་དང་མགར་བ་ལྟ་བུའི་བདག་སྒྲ་བ་ཡིག་དེ་མཐའ་མེད་ཡིན་ཡང་བ་ཡིག་གི་རྗེས་སུ་ཡང་བསྐྱར་བ་ཡིག་སྦྱར་བ་བརྗོད་མི་བདེ་བས་ལེགས་བཤད་ལྗོན་དབང་དུ། ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་པ་རྒྱུ་མཚན་དང་ལྡན་པར་བཤད་པ་སྟེ་སྒྲུབ་བྱེད་དུ་བཀོད་པའི་དོན་གསུམ་པོ་འདི་ནི་བོད་ཀྱི་སྐད་ལ་བྱང་ཆ་ཅུང་ཡོད་པའམ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལ་གློ་བ་བསྣན་པའི་གང་ཟག་ལ་འདི་ལྟར་ཡིན་ནམ་སྙམ་པའི་དོགས་པ་ཙམ་ཡང་མི་འབྱུང་མོད། སྐབས་འདིའི་འཁྲུལ་གཞི་ནི་གསེར་ཏོག་གིས་དགོངས་པ་ངོ་མ་ནང་བ་ཞེས་པའི་ནང་ཁྱད་ཚིག་དངོས་དང་། བ་ཡིག་ཁྱད་ཚིག་དེའི་མིང་མཐའ་རུ་སྦྱར་བ་མ་གོ་བར། ནང་ཞེས་པ་ཁྱད་ཚིག་ང་མཐའ་ཅན་ཡིན་པ་དེ་ལ་བ་སྦྱར་འདུག་པས་འདི་ནི་ང་མཐར་བདག་སྒྲ་བ་སྦྱར་བའོ་སྙམ་དུ་འཁྲུལ་པར་ཟད། ཅི་སྟེ་ནང་ཞེས་པའི་ཁྱད་ཚིག་རང་ལ་བདག་སྒྲ་སྦྱར་དགོས་ན་ནང་པ་ཞེས་སྦྱར་བ་གསུང་རབས་རྣམས་སུ་གྲངས་ལས་འདས་པས་དེ་ལས་ངེས་པར་གྱིས་ཤིག

མགར་བ་པ་ཞེས་པའང་མགར་ཞེས་པ་བྱ་ཚིག་དང། མགར་ཞེས་པར་མིང་མཐའ་བ་སྦྱར་ཏེ་མགར་བ་ཞེས་བྱ་བའི་མིང་དུ་གྲུབ་པ་ལ་པུ་ལིངྒ་ཡི་སྒྲ་པ་ཡིག་སྦྱར་ཏེ་བྱ་བ་དེ་ལྡན་གྱི་གང་ཟག་སྟོན་པར་བྱེད་པའི་གོ་རིམ་འདི་མ་ཤེས་པར་འདུག་པས་གོ་རིམ་འདི་ལ་བསླབ་པར་གྱིས་ཞེས་བསྐུལ་བའོ། །

སྤྱིར་དེང་སྐབས་ལ་ལས་ནང་པ་ཞེས་པའི་ཚབ་ཏུ་ནང་བ་ཞེས་བྲིས་པ་ནི་ཚེ་དབང་ལྷ་མོས།[5] “ཡུལ་སྐད་ཀྱི་དབང་གི་པ་དང་བ་སྒྲ་གདངས་གཅིག་པར་བཀླགས་པའི་སྟབས་ཀྱིས་བདག་སྒྲ་ལའང་པ་ཡིག་དང་བ་ཡིག་ནོར་ནས་བྲིས་པ་མང་པོ་ཞིག་དེང་དུས་མཐོང་རྒྱུ་ཡོད་པ་འདི་དག་ནི་ཡུལ་གྲུ་ཉི་ཚེ་བ་འགའ་ཞིག་ལས། བོད་ཡུལ་ཕལ་ཆེའི་མི་རྣམས་ཀྱིས་ནོར་བ་ཡིན་པར་གོ་སླ། སྤྱིར་བོད་ཡིག་གི་དབྱངས་གསལ་སོ་བཞི་པོ་ཐམས་ཅད་རང་རང་ལ་སྒྲ་གདངས་ཐུན་མོང་མ་ཡིན་པ་རེ་རེ་ཡོད་པ་ཁམས་དང་དབུས་གཙང་གི་ཁ་སྐད་ན་ཤིན་ཏུ་གསལ། བརྡ་སྤྲོད་རིག་པའི་སྤྱི་འགྲོས་དང་བསྟུན་ནའང་དེ་ལྟར་དུ་ཡོད་དགོས་པ་ཞིག་རེད།” ཅེས་དང། “འོན་ཀྱང་འབྲོག་སྐད་དུ་པ་དང་བ་གཉིས་སྒྲ་གདངས་གཅིག་པས་བ་ཁ་ཟུམ་དང་པ་ཁ་ཕྱེ་ཞེས་དབྱེ་བ་བྱེད་སྲོལ་ཡོད་པ་ལས་སྒྲ་གདངས་ཀྱི་སྟེང་ནས་དབྱེ་བ་ཕྱེ་ཐུབ་ཀྱི་མེད་པ་འདི་ནི་ཡུལ་སྐད་ཀྱི་སྐྱོན་ལས་བོད་ཡིག་གི་སྐྱོན་མིན་པ་ཤེས་དགོས།” ཞེས་གསུངས་པ་ལ་བདེན་ཁ་ཆེ་བས་བཀའ་བསྟན་གྱི་ཡི་གེ་དག་མ་རྣམས་སུ་ནང་པ་ཞེས་བྱུང་བ་བཞིན་དུ་འབྲི་ཐུབ་ན་དགེ་མཚན་ཆེ་སྙམ་པ་ནི་ཞོར་འཕྲོས་ཙམ་མོ། །

བདག་སྒྲ་འཕར་མའམ་ཉིས་བརྩེགས་སུ་འདོད་པ་ལ་འདི་འདྲི་བར་བྱ་སྟེ། ནང་བ་པ་དང་མགར་བ་པ་ལྟ་བུའི་བ་སྔ་མས་བདག་པོ་སྟོན་ནུས་སམ་མི་ནུས། ནུས་ན་དེའི་ཐོག་ཏུ་བདག་སྒྲ་སྟོན་པའི་རྐྱེན་པ་ཡིག་སྦྱར་བ་དོན་མེད་དེ། བདག་པོ་ནི་བ་ཡིག་གིས་སྟོན་ནུས་པ་གང་ཞིག་ལ་པ་ཡིག་དེ་ལ་ཡང་དེ་ལས་ལྷག་པའི་བྱ་བ་གང་ཡང་མེད་པས་སོ། །གལ་ཏེ་མི་ནུས་ན། ནང་བ་དང་མགར་བའི་རྗེས་སུ་པ་ཡིག་སྦྱར་བའི་པ་ཡིག་དེ་ཁོ་ན་བདག་པོ་སྟོན་པའི་རྐྱེན་དུ་སོང་བས་བདག་སྒྲ་འཕར་མའམ་ཉིས་བརྩེགས་སུ་དམ་བཅའ་བ་དེ་འཇིགས་པར་མི་འགྱུར་རམ། ལེགས་བཤད་ལྗོན་དབང་གི་ཚིག་གི་ངོ་གདོང་ནས་བསྟན་མེད་པ་ནི་རྩ་བའི་ས་བཅད་གཉིས་པའི་སྐབས་སུ་བཤད་པར་བྱའོ། །

གཉིས་པ། ལེགས་བཤད་ལྗོན་དབང་གི་དགོངས་དོན་མ་འཁྱོག་དྲང་པོར་སྲོང་བ་ནི། ལྗོན་དབང་ལས། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་བཅས་པ་ལྔ་པོ་གང་རུང་མིང་གི་མཐའ་ཅན་དུ་གྱུར་པའི་མིང་གང་ཞིག་གི་མཐར་བདག་སྒྲ་སྦྱོར་བའི་ཚེ། གསར་དུ་སྦྱར་བའི་ཡི་གེ་དེ་གཅོད་མཚམས་ཀྱི་དབང་གིས་ ‘ལྷ་ས་བ་’ ལྟ་བུ་འབྲུ་སྔ་མ་ས་དེ་དང་བདག་སྒྲ་མཉམ་དུ་བཀླག་རྒྱུ་མ་ཡིན་པར་བདག་སྒྲ་དེ་གཅིག་པུར་བཀླག་དགོས་ན་བ་སྦྱར་བར་བྱ་ཞིང། གཅོད་མཚམས་ཀྱི་དབང་གིས་ ‘རྟ་པ་’ ལྟ་བུ་འབྲུ་སྔ་མ་རྟ་དེ་དང་བདག་སྒྲ་མཉམ་དུ་བཀླག་དགོས་ན་པ་སྦྱར་ན་ལེགས་པ་ཡིན་ནོ་ཞེས་པའི་དོན་ཡིན་ནོ། །དེ་ལྟར་ཡིན་པ་ཡང་སྤྱིར་སི་ཏུའི་ཞལ་ལུང་དང་ཁྱད་པར་བཀའ་ཆེན་པདྨས་མཛད་པའི་ལེགས་བཤད་ལྗོན་དབང་གི་འགྲེལ་པར། བདག་སྒྲ་ཡར་གྱུར་བ་དང་ནི། །ཞེས་པ་ལྔ་པོ་དེ་རྣམས་ཀྱི་མཐའ་ཅན་གྱི་མིང་དང་སྡེབ་ས་མེད་པ་བདག་སྒྲ་ཡར་གྱུར་ན་བ་ཕྱེད་ཝ་འཐོབ་པའི་དཔེ་ནི། ཁ་བྱང་བ། རྟ་མདའ་བ། བྱང་ཤར་བ། ཁམས་དོལ་བ། གཞིས་རྩེ་བ་ལྟ་བུ། ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་མིང་དང་སྡེབ་ས་ཡོད་པ་བདག་སྒྲ་ཆ་ལ་སོང་ན་པ་ཉིད་སྦྱོར་བ་ཕལ་ཆེར་ལ་ལེགས་པའི་དཔེ་ནི། བྱང་པ། མདའ་པ། གུར་པ། དོལ་པ། རྩེ་པ་ལྟ་བུ། ཞེས་བདག་སྒྲ་དེ་ཉིད་རང་གང་དུ་སྦྱར་བའི་མིང་དེའི་ཚིག་མཐའ་མ་དེ་དང་སྡེབ་ས་ཡོད་མེད་ཀྱི་སྒོ་ནས་ཡ་དང་ཆ་རུ་བཞག་པ་ལས། བདག་སྒྲ་འཕར་མ་ཞེས་པའི་ཟུར་ཙམ་ཡང་མི་གསལ་ལོ། །ཁྱོད་ལྟར་ན་གོང་དུ་བཀོད་མ་ཐག་པའི་དཔེ་བརྗོད་དེ་དག་མ་ལུས་པ་བདག་སྒྲ་ཡ་གྱུར་དུ་ཐལ་བར་འགྱུར་ལ། དེ་ཐམས་ཅད་ལ་བདག་སྒྲ་བ་ཡིག་སྦྱར་དགོས་པར་འགྱུར་བས་བོད་ཡིག་ཁ་བྱང་ལག་བྱང་དུ་སོང་བའི་སྐྱེ་བོ་རྣམས་ཀྱང་ཁ་ལྕེ་དག་དིག་ཏུ་འགྱུར་ཉེན་གདའ་འོ། །དེས་ན་དོན་མེད་ཚེག་བར་དུ་མ་བརྩི་བའི་ངལ་བ་དང། བདག་སྒྲ་ཉིས་བརྩེགས་སྨྲ་བའི་ཁུར་དེ་བོར་ལ། བདག་སྒྲ་ཆ་ཡ་འགྲོ་ཚུལ་གྱི་གནད་གསང་དམ་པ་འདི་སྙིང་གི་དཀྱིལ་དུ་ཉར་ནས་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་ཁ་ཐག་ཉེ་ཙམ་གཅོར་ཅིག་གུ། །

གསུམ་པ། སྔོན་བྱོན་མཁས་པའི་གསུང་གི་གོ་བ་མ་ནོར་བ་སྦྱིན་པ་ནི། ཁྱོད་ཀྱིས་རྩོམ་ཡིག་དེར་དངོས་སུ་མཁས་དབང་རྡོ་རྗེ་རྒྱལ་པོ་དང། ཚྭ་སྤྲུལ་ངག་དབང་བློ་བཟང། མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་རྣམ་པ་གསུམ་གྱི་མཚན་ནས་སྨྲས་ཏེ་ཁོང་ཅག་གིས་ཚེག་བར་བརྩིས་ནས། ཚེག་བར་གསུམ་ཅན། ཚེག་བར་ལྔ་ཅན་རྣམས་ལ་བདག་སྒྲ་ཡར་གྱུར་བ་དང། ཚེག་བར་གཉིས་ཅན། ཚེག་བར་བཞི་ཅན། ཚེག་བར་དྲུག་ཅན་རྣམས་ལ་བདག་སྒྲ་ཆར་གྱུར་པ་ཞེས་འབོད། ཅེས་བརྡ་སྤྲོད་སྨྲ་བའི་དབང་པོ་ཁོང་ཅག་གི་གསུང་ལ་རང་གི་བློ་ཡི་དྲི་མས་ནག་ནོག་ཏུ་བྱས་ཏེ། དེ་ལ་བལྟས་ཏེ་འདི་ནི་ཉེས་སོ་ཞེས་སྨྲ་བར་བྱེད་དོ། །

ཁོ་བོས་ཉི་མ་གཉིས་ཀྱི་རིང་ལ་བརྡ་སྤྲོད་གཞུང་ལུགས་དཔེ་འཚོལ་དང་ཞིབ་ཀློག་བགྱིས་པའི་གོ་རིམ་ཁྲོད་ནས། རྡོ་རྗེ་རྒྱལ་པོའི་འགྲེལ་པ་དངོས་སུ་བཀླགས། ཚྭ་སྤྲུལ་གྱི་འགྲེལ་པ་དངོས་སུ་མ་རག་ཀྱང་ཁྱོད་ཀྱིས་དཔེ་བརྗོད་དུ་མ་དྲངས་པ་ལ་བལྟས། དུང་དཀར་ཚང་གི་ཡིག་ཆ་རེ་ཞིག་མ་རག་ཀྱང་ཕྱིས་སུ་ངེས་པར་ལྟ་རྒྱུ་ཡིན། དེ་དག་ལས་མཁས་དབང་རྡོ་རྗེ་རྒྱལ་པོས་ནི་དེ་ཉིད་ཀྱིས་མཛད་པའི་སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ལས།[6] “རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་རྣམས་ཀྱི་མཐར་བདག་སྒྲ་ཡར་གྱུར་པ་རྣམས་ལ་བ་དང་བདག་སྒྲ་ཆར་གྱུར་པ་རྣམས་ལ་པ་ཉིད་སྦྱོར་བ་ལེགས་ཞེས་གསུངས།” ཞེས་དང། “རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་རྣམས་ལ་བདག་སྒྲ་ཡར་གྱུར་པའི་སྐབས་སུ་བ་འཐོབ་པ་ནི། དཔེར་ན། ཕུལ་བྱུང་བ་དང། རྒྱ་མདའ་བ། ཟློས་གར་བ། གསང་མྱུལ་བ། གསུམ་མདོ་བ་ལྟ་བུ་རྣམས་བདག་སྒྲ་ཡར་གྱུར་བ་དང། ཚོང་པ་དང། མདའ་པ། གར་པ། མགྲུལ་པ། གྲྭ་པ་རྣམས་བདག་སྒྲ་ཆ་ཚིག་ཡིན་པས་སོ། །” ཞེས་བདག་སྒྲ་དེ་ཉིད་ཀློག་པའི་ཚེ་ཆ་ཚིག་ཏུ་སོང་མ་སོང་གི་ཐོག་ནས་ཆ་ཡ་བརྩིས་པ་ལས་བདག་སྒྲ་གང་དུ་སྦྱར་ཡུལ་གྱི་མིང་ཚིག་ཧྲིལ་པོའི་ཚེག་བར་མང་ཉུང་བརྩིས་ཏེ་བདག་སྒྲ་ཆ་ཡ་གཏན་ལ་ཕབ་པ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་མེད་དོ། །དེ་བཞིན་དུ་ཚྭ་སྤྲུལ་གྱི་གསུང་ཁྱོད་ཀྱི་རྩོམ་ཡིག་ཏུ་བཀོད་པ་དེ་ལ་བརྟག་ནའང་ཕལ་ཆེ་བ་བདག་སྒྲ་ཉིད་ཆ་དང་ཡར་གྱུར་ཚུལ་གྱིས་པ་དང་བ། པོ་དང་བོ་སྦྱོར་ཚུལ་གཏན་ལ་ཕབ་པ་ཤ་སྟག་ཏུ་སྣང་བ་དང། དཔེར་བརྗོད་དེ་དག་ལས་གཞན་པའི་བདག་སྒྲ་སྦྱར་ཡུལ་གྱི་མིང་ཚིག་གང་དེའི་ཚེག་བར་བརྩིས་ནས་ཆ་ཡ་གཏན་ལ་ཕབ། དེ་ལ་རྟེན་ནས་བདག་སྒྲ་པ་དང་བ། པོ་དང་བོ་ཡི་འཇུག་པ་མི་འདྲ་བ་བཤད་པའི་དྲི་ཙམ་ཡང་མེད་པ་ལ། ཁྱོད་ཀྱིས་ཚྭ་སྤྲུལ་གྱིས་བཀོད་པའི་དཔེ་བརྗོད་ཀྱི་ཚེག་བར་བརྩིས་ཏེ་ཚྭ་སྤྲུལ་གྱི་དགོངས་པ་ཚེག་བར་བརྩི་དགོས་པ་དེ་ཡིན་འདུག་སྙམ་པའི་རྣམ་རྟོག་གིས་སྤྲོས་བཤད་བྱས་པ་ཙམ་དུ་ངེས་སོ། །

མདོར་བསྡུ་ན། ལེགས་བཤད་ལྗོན་དབང་ལས། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡ་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཅེས་པའི་ཡ་ཆའི་བརྩི་སྟངས་ནི་བདག་སྒྲ་དེ་ཉིད་ཚིག་སྔ་མ་དེ་དང་ལྷན་དུ་སྦྱར་ནས་བཀླག་དགོས་པ་དང་རྐྱང་པར་བཀླག་དགོས་པའི་ཁྱད་པར་གྱི་ཐོག་ནས་ཕྱེ་བ་ཡིན་པས། རྗེ་བཙུན་ཙོང་ཁ་པའི་མཚན་ལ་འབྲི་སྟངས་སྣ་ཚོགས་པར་འགྱུར་བའི་དོགས་པ་མེད་པའི་དོགས་པ་དེ་བསླངས་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་དེ་མ་མཛད་ཅིག[7] ང་འ་ར་ལ་མཐའ་མེད་ཀྱི་རྗེས་སུ་བྱུང་བའི་བདག་སྒྲ་ཡར་གྱུར་བར་བ་དང་ཆ་གྱུར་བར་པ་ཡིན་པའི་ངེས་པ་མཐའ་གཅིག་ཏུ་ནི་མེད་དེ། ལྗོན་དབང་རང་ལས་སྦྱོར་བ་ལེགས་ཞེས་གསུངས་ཀྱི་སྦྱོར་དགོས་ཞེས་མ་གསུངས་པས་དང། འདིར་བཀོད་མ་ཐག་པ་རྗེ་རིན་པོ་ཆེའི་མཚན་ལ་ཡང་ཙོང་ཁ་པ་ཞེས་འབྲི་དགོས་པ་འདི་འདྲ་ཡང་ཡོད་པའི་ཕྱིར་རོ། །སྤྱིར་བདག་སྒྲའི་པུ་ལིངྒའི་སྒྲ་ཡི་ངོས་འཛིན་དང། དེའི་ཐོག་ལ་བྱུང་བའི་དགག་སྒྲུབ། བདག་སྒྲའི་ཕྲད་ཀྱི་ངོས་འཛིན་བཅས་ཀྱི་ཐོག་ལ་དུས་ཀྱི་རྦ་རླབས་དང་བསྟུན་ཏེ་འཁྱུག་རྩལ་ཞིག་གཞན་དུ་ངོམ་པར་བྱའོ། །

ཀརྨ་དགེ་ལེགས་ཀྱི་རྩོམ་ཡིག་འདིས་རྐྱེན་བྱས་ནས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཆེ་ཆུང་བཅུ་གྲངས་ཤིག་མཇལ་བའི་སྐལ་བ་ལྡན་སོང་བ་འདི་ནི་ད་ཐེངས་ཀྱི་རྩོམ་ཡིག་འདི་བྲིས་པའི་གྲུབ་འབྲས་སུ་ངོས་བཟུང་པ་ཡིན་ནོ། །

སྤྱི་ལོ་2017ཟླ་09ཚེས་01ཉིན་གུང་འགོ་བཙུགས་ནས་སྤྱི་ལོ་2017ཟླ་09ཚེས་02དགོང་མོར་མཇུག་རྫོགས་པར་བྲིས་སོ། །

 

ཟུར་ལྟའི་ཡིག་ཆ་གཞན།

  • དཀར་ལེབ་སུམ་རྟགས་དཀའ་འགྲེལ།
  • དངུལ་ཆུ་ཆོས་བཟང་གི་སི་ཏུའི་ཞལ་ལུང།
  • ལེགས་བཤད་ལྗོན་དབང་གི་འགྲེལ་པ་ལེགས་བཤད་འདྲེན་པའི་ཕོ་ཉ།[8]
  • ཤིས་ཚང་མཁྱེན་རབ་རྒྱ་མཚོས་བརྩམས་པའི་ལེགས་བཤད་ལྗོན་པའི་དབང་པོའི་ཚིག་དོན་ཅུང་ཟད་འགྲེལ་བ་བློ་གསར་རིག་སྒོ་འབྱེད་པའི་ལྡེ་མིག
  • ཟླ་བ་ཚེ་རིང་གིས་བརྩམས་པའི་སུམ་རྟགས་འགྲེལ་པ་གོ་བདེའི་ལྡེ་མིག

[1] པྲ་ཏིའི་སུམ་རྟགས་ཀུན་བཟང་དགོངས་རྒྱན་འཕྲུལ་དེབ་འབར་ཞུན་འཕྲུལ་དེབ་ཨང་048པར་གསལ།

[2] བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །མི་རིགས་དཔེ་སྐྲུན་ཁང། 1995 པར་ཐེངས་ 2 ཤོག་ངོས་ 82

[3] ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་ཀྱི་བྲེ་བྲག་སུམ་ཅུ་པ་དང། རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ཤེས་རིག་དཔར་ཁང། 2012 དཔར་ཐེངས་ 13 ཤོག་ངོས་ 161

[4] ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་ཀྱི་བྲེ་བྲག་སུམ་ཅུ་པ་དང། རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་པར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ཤེས་རིག་དཔར་ཁང། 2012 དཔར་ཐེངས་ 13 ཤོག་ངོས་ 101

[5] བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ། ISBN 7-80057-306-0/H.1 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། 1998 ཤོག་ངོས་190-191

[6] སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། 2002 ཤོག་ངོས་ 25,26

[7] ཀུན་མཁྱེན་གོ་རམས་པའི་ཚིག་གཡར་རོ། །

[8] ཐོན་མིའི་ཞལ་ལུང་གི་དཀའ་ཟིན་གངས་རིའི་ཆུ་རྒྱུན་དུ་དྲངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། 1995 ཤོག་གྲངས། 146

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *