སེམས་བྱུང་གི་རྣམ་གཞག
____ ངག་དབང་ཐེག་མཆོག འཛིན་གྲྭ་ལྔ་པ།
༄༅། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །
མཐའ་མེད་ཤེས་བྱའི་ནམ་མཁའི་དཀྱིལ་ཡངས་ན། །
བློ་གྲོས་ཡངས་པའི་ཤེས་པ་རབ་བརྐྱངས་ནས། །
ཐོགས་པ་མེད་པ་ཀུན་ན་ལྡིང་གྱུར་པའི། །
ལེགས་གཟིགས་གཉིས་པ་དབྱིག་གཉེན་ཞབས་ལ་འདུད། །
དབང་པོའི་ཡུལ་ལས་ཤིན་ཏུ་འདས་གྱུར་ཀྱང་། །
སེམས་དང་སེམས་བྱུང་རྣམ་གཞག་ཇི་སྙེད་ཅིག །
མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ་གང་། །
ཅུང་ཟད་སྨོས་ལ་ཁོ་བོ་སྤྲོ་བ་བརྟས། །
འདིར་སེམས་བྱུང་གི་རྣམ་གཞག་ཅུང་ཟད་སྨོས་པ་ལ། མཚན་ཉིད། དབྱེ་བ། དེ་དག་གི་དོན་ལ་དཔྱད་པ་བཅས་དོན་གསུམ་ལས། དང་པོ་མཚན་ཉིད་ནི། སེམས་དང་མཚུངས་པ་ལྔས་མཚུངས་པར་ལྡན་པའི་རིགས་པའོ། །མཚུངས་པ་ལྔ་ནི། དམིགས་པ་མཚུངས་པ། རྟེན་མཚུངས་པ། རྣམ་པ་མཚུངས། དུས་མཚུངས་པ། རྫས་མཚུངས་པ་བཅས་སོ། །འདི་ལྟར་མཚུངས་པ་ལྔས་མཚུངས་དགོས་པ་ནི་བྱེ་བྲག་སྨྲ་བའི་ལུགས་དབང་བཙན་དུ་བྱས་པའོ། །གཞན་དུ་ན་གྲུབ་མཐའ་གོང་མ་ཁག་ཅིག་ཏུ་ནི་རྣམ་པ་མཚུངས་པར་མི་བཞེད་པ་ནི་སློབ་དཔོན་བློ་གྲོས་བརྟན་པས་གསུངས་པ་ལྟ་བུའོ། །
གཉིས་པ་དབྱེ་བ་ལ། ངེས་པའི་སྡེ་ཚན་དང་། མ་ངེས་པའི་སྡེ་ཚན་དང་། སྤྱིར་སེམས་བྱུང་དུ་ཡོད་པ་དང་། དེ་དག་ལས་རྫས་ཡོད་དུ་དང་། བཏགས་ཡོད་དུ་ཡོད་པ་བཅས་བཞི་ལས། དང་པོ་ངེས་པའི་སྡེ་ཚན་ལ་ལྔ་ལས། དང་པོ་སེམས་ཀྱི་ས་མང་པོ་པ་ཞེས་པ་ནི། སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བའི་ཕྱིར་ན་དེ་ལྟར་བརྗོད་པ་ཡིན་ཅིང་འདི་ལ་བཅུ་ཡོད་དེ། ཚོར་བ། སེམས་པ། འདུ་ཤེས། འདུན་པ། རེག་པ། བློ་གྲོས། དྲན་པ། ཡིད་ལ་བྱེད་པ། མོས་པ། ཏིང་ངེ་འཛིན་བཅས་སོ། །གཉིས་པ་དགེ་བའི་ས་མང་པོ་པ་ཞེས་པ་ནི། དགེ་བའི་སེམས་སེམས་བྱུང་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་ན་དེ་ལྟར་བརྗོད་ལ། དེ་ནི་འདི་ལྟར། དད་པ། བག་ཡོད། ཤིན་སྦྱང་། བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། ཆགས་པ་མེད་པ། སྡང་བ་མེད་པ། རྣམ་པར་མི་འཚེ་བ་བཅས་སོ། །གསུམ་པ་ཉོན་མོངས་ཆེ་བའི་ས་མང་ཞེས་པ་ནི། ཉོན་མོངས་པ་ཅན་གྱི་སེམས་སེམས་བྱུང་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་ན་དེ་ལྟར་བརྗོད་ལ། དེ་ལ་དྲུག་ཡོད་པ་ནི་འདི་ལྟར། རྨོངས་པ་དང་། བག་མེད་པ་དང་། ལེ་ལོ་དང་། མ་དད་པ་དང་། རྨུགས་པ་དང་། རྒོད་པ་བཅས་སོ། ། བཞི་པ་མི་དགེ་བའི་ས་མང་ཞེས་པ་ནི། མི་དགེ་བའི་སེམས་སེམས་བྱུང་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་ན་དེ་ལྟར་བརྗོད་པའོ། །དེ་ནི་གཉིས་ཏེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པའོ། །ལྔ་པ་ནི་ཉོན་མོངས་ཆུང་ངུའི་ས་མང་བ་སྟེ། མ་རིག་པ་ཁོ་ན་དང་མཚུངས་པར་ལྡན་པ་དང་། བསྒོམ་སྤང་ཁོ་ན་དང་ཡིད་ཀྱི་རྣམ་ཤེས་ཁོ་ནའི་འཁོར་དུ་འབྱུང་བ་ལས་དབང་ཤེས་ཀྱི་འཁོར་དུ་མི་འབྱུང་བ་གང་ཡིན་པའོ། །དེ་ནི་བཅུ་སྟེ། འདི་ལྟར་ཁྲོ་བ་དང་། འཁོན་དུ་འཛིན་པ། གཡོ་བ། ཕྲག་དོག ཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་འཚེ་བཅས་སོ། །
གཉིས་པ་མ་ངེས་པ་ནི། གོང་དུ་བཤད་པ་ལྟར་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ངེས་པ་དང་། དགེ་བའི་སེམས་སེམས་བྱུང་ཀུན་ཀྱི་འཁོར་དུ་འབྱུང་ངེས་པ་སོགས་མ་ཡིན་པས་མ་ངེས་པ་ཞེས་བརྗོད་པའོ། །དེ་ནི་བརྒྱད་དེ། རྟོག་པ་དང་། དཔྱོད་པ་དང་། གཉིད་དང་། འགྱོད་པ་དང་། ང་རྒྱལ་དང་། ཐེ་ཚོམ་དང་། ཁོང་ཁྲོ་དང། འདོད་ཆགས་བཅས་སོ། །
གསུམ་པ་སྤྱིར་སེམས་བྱུང་ལ་དུ་ཡོད་ཅེ་ན། སྤྱིར་ནི་བདུན་ཅུ་དོན་བདུན་ཡོད་པ་སྟེ། འདི་ལྟར་གོང་དུ་སྨོས་པའི་བཞི་བཅུ་རྩ་དྲུག་གི་སྟེང་དུ་ལུང་ཕྲན་ཚེགས་ལས་བྱུང་བ་ཉི་ཤུ་རྩ་གསུམ་དང་། ཆོས་མངོན་པ་ལས་བྱུང་བའི་ཉོན་མོངས་པའི་ས་མང་པོ་པ་ཤེས་བཞིན་མ་ཡིན་པ་དང་། བརྗེད་ངེས་དང་། རྣམ་གཡེང་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་དང་། གཏི་མུག་མེད་པའི་དགེ་རྩ་དང་། རྩ་ཉོན་གྱི་ལྟ་བ་བཅས་སོ། །
བཞི་པ་དེ་དག་ལས་རྩ་ཉོན་དུ་ཡོད་ཅེ་ན། མཆིམས་འཇམ་པའི་དབྱངས་ཀྱི་ལུགས་ལྟར་ན་དྲུག་ཅུ་རྩ་གཅིག་ཡོད་པ་ཡིན། བཏགས་ཡོད་དུ་ཡོད་ཅེ་ན། བཅུ་དྲུག་ཡོད་དོ། །
གསུམ་པ་དེ་དག་གི་དོན་ལ་དཔྱད་པ་ལ། མཚན་ཉིད་ཀྱི་དོན་ལ་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་སེམས་བྱུང་གི་མཚན་ཉིད་དུ་མཚུངས་པ་ལྔས་མཚུངས་པར་གསུངས་པས་རྣམ་པ་མཚུངས་ཞེས་པའི་དོན་ནི། ཡུལ་གྱི་ཁྱད་པར་གཅིག་ཡུལ་དུ་བྱེད་པ་ལ་འདོད་ཀྱི་དེ་གཉིས་ལ་ཡུལ་གྱི་རྣམ་པ་ཤར་བ་ནི་འདོད་པ་མ་ཡིན་ཏེ། ལུགས་འདི་ལ་བློ་རྣམ་བཅས་ཏེ་བློ་ལ་ཡུལ་གྱི་རྣམ་པ་ཤར་བ་མེད་པའི་ཕྱིར་རོ། །འོ་ན་འགྲེལ་བ་མངོན་པའི་རྒྱན་ལས། སྔོན་པོ་ལ་སོགས་པའི་རྣམ་པ་དང་བཅས་པའི་ཕྱིར། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་དོན་ནི་ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ཚན་གྱི་ཁྱད་པར་ལ་རྣམ་པར་བྱས་ནས་དེ་ཡུལ་དུ་བྱེད་པར་མཚུངས་པ་ལ་རྣམ་པ་དང་བཅས་པར་མཚུངས་པ་ཞེས་བཏགས་པའི་དོན་ལས་སྒྲ་ཇི་བཞིན་རྣམ་བཅས་ཡིན་པའི་དོན་ནི་མིན་པས་སོ། །ལུགས་འདིར་བློ་ལ་རྣམ་པ་མི་ཤར་བའི་སྒྲུབ་བྱེད་ནི། གང་སྣང་བ་དེ་ལས་གཞན་པ་མི་སྣང་བའི་དངོས་པོ་ཡོད་པ་ལ་སྒྲུབ་བྱེད་མེད་ཅིང་སྣང་བ་དེ་ཉིད་དངོས་པོ་ཕྱི་རོལ་གྱི་དོན་སོགས་ཡིན་པ་ལས་དེའི་རྣམ་པ་ཞེས་པ་དོན་མེད་པའི་ཕྱིར་དང་། རྣམ་པ་ཤེས་པ་རང་ཉིད་ཡིན་ན་རགས་པ་བསགས་རྡུལ་མིན་པར་ཐལ་བ་སོགས་རིགས་པའི་གནོད་པ་དུ་མ་མཐོང་བས་སོ། །
ཅེས་པའང་ངག་དབང་ཐེག་མཆོག་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ།། །།
བསམ་ཚུལ་ཕྲིས།