སོར་སྡོམ་གཏོང་ཚུལ་སྐོར་ལ་དཔྱད་པ་བྱིས་པའི་ངག་འཁྱལ།
____ ཕུན་ཚོགས་དགེ་ལེགས་རྣམ་རྒྱལ། འཛིན་གྲྭ་བརྒྱད་པ།
༄༅། །བདེ་གཤེགས་སྙིང་པོ་འགྲོ་བའི་ཞིང་ས་རུ། །སྡོམ་པ་གསུམ་གྱི་ལོ་ཏོག་རྒྱས་པའི་ཕྱིར། །
སྡེ་སྣོད་གསུམ་གྱི་ཆར་ཆུ་འབེབས་མཛད་པ། །ཐུབ་དབང་ཟས་གཙང་སྲས་པོ་ཕྱག་གི་གནས། །
གངས་རི་ར་བས་སྐོར་བའི་ཞིང་ཁམས་འདིར། །རྒྱན་དྲུག་མཆོག་གཉིས་འཕགས་ཡུལ་མཁས་པའི་གཞུང་། །
མ་ནོར་འཆད་ཅིང་ཤིང་རྟའི་སྲོལ་འབྱེད་པོ། །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎ་ཆེན་རྒྱལ། །
དེ་ཡང་བྱང་ཁ་བ་ཅན་གཙང་གྲོམ་པ་ལ་སྟོད་དུ་སྐུ་འཁྲུངས་ནས། ཤེས་བྱ་རིག་པའི་གནས་ལ་མི་འཕྲོག་པའི་མཁྱེན་རབ་མངའ་བའི་ཆོས་རྗེ་ས་སྐྱ་པཎ་ཆེན་དེ་ཉིད་ཀྱིས་མཛད་པའི་མདོ་སྔགས་རིག་པའི་གནས་དང་བཅས་པའི་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས་གསུང་རབ་སྤྱིའི་དགོངས་འགྲེལ་སྡོམ་རིགས་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་སྡོམ་གསུམ་རབ་དབྱེ་ཡི་རབ་བྱེད་དང་པོའི་ནང་གི་སྡོམ་པ་གཏོང་ཚུལ་སྐོར་ལས་འཕྲོས་ནས་ཅུང་ཟད་ཞུ་བར་བྱ་བ་ལ། ཐོག་མར་ས་པཎ་ཉིད་ཀྱི་སྡོམ་གསུམ་རབ་དབྱེ་ལས། སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང་། །ཞེས་གསུང་པའི་དགོངས་པ་ནི་ཆོ་ག་ཉན་ཐོས་དང་ཐུན་མོང་གི་དབང་དུ་བྱས་པའི་སོར་སྡོམ་ལ་ངོས་འཛིན་པ་ཡིན་ནོ། །
དེ་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། སྡོམ་པ་གཟུགས་ཅན་ཡིན་པའི་རྒྱུ་མཚན་གྱིས་ཤི་བའི་ཚེ་གཏོང་བར་འདོད་ན། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལའང་མི་ཐལ་ལམ་ཞེས། དྲི་བའི་བསམ་པ་དང་དངོས་ལན་འདེབས་པ་སོགས་ཀྱི་སྒོ་ནས་གསུང་འདུག་མོད། འོན་ཀྱང་ཡི་གེ་མང་བས་འཇིགས་ནས་འདིར་མ་བྲིས་སོ། །
འདི་ཡི་ཐད་ལ་ཀུན་མཁྱེན་མཁས་པའི་དབང་པོ་གོ་རམས་པས་པཎ་ཆེན་གྱི་དྲི་བ་དེ་དག་ནི་ས་པཎ་ལ་ཟུར་ཟ་ལྟ་བུ་མཐོང་ནས་ལན་འདེབས་པར་མཛད་དོ། །དེ་ལ་ཀུན་མཁྱེན་ཆེན་པོས་ལན་འདི་ལྟར་གནང་སྟེ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་ཚེ་འདིའི་གཟུགས་ཅན་ནི་ཤི་འཕོས་པའི་ཚེ་བཏང་སྟེ། རྟེན་བོར་བའི་ཕྱིར་རོ། །དེ་ལྟ་བུའི་ལན་ནི་ཁུངས་མེད་ལུང་མེད་མིན་ཏེ། འདིར་ཤི་བའི་ཚེ་གཏོང་བར་གསུངས་པའི་སྡོམ་པ་དེ་ཆོ་ག་ཉན་ཐོས་དང་མཐུན་པའི་དབང་དུ་བྱས་པའི་སོར་སྡོམ་དུ་ངོས་བཟུང་ན་ས་པཎ་གྱི་དགོངས་པ་དང་མཐུན་པ་དང་། འཕགས་ཡུལ་གྱི་སངས་རྒྱས་གཉིས་པ་ཞེས་མཚན་ཡོངས་སུ་གྲགས་པ་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ལ་ཁུངས་གཏུགས་པར་མཐོང་སྟེ། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང། །ཞེས་པ་དང། འཕགས་པ། འབྲས་བུ་འཐོབ་ཀྱང་ཉམས་པ་ལ། །ཞེས་པའི་ལུང་ལ་ཁུངས་གཏུགས་པར་མཛད་དོ། །
ད་ནི་བྱིས་པའི་ངག་འཁྱལ་ཅུང་ཙམ་ཞུ་ན། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཉན་ཐོས་ཀྱི་ཆོ་ག་ལས་བླངས་པའི་སོར་སྡོམ་དེ། བྱང་སེམས་སྡོམ་པ་ཡིན་ནམ་མིན། ཡིན་ན། དེ་ལྟ་བུའི་སོར་སྡོམ་དེ་ཆོས་ཅན། ཤི་བའི་ཚེ་མི་སྟོང་བར་ཐལ། བྱང་སྡོམ་ཡིན་པའི་ཕྱིར། འདོད་ན། སྡོམ་གསུམ་རབ་དབྱེ་ལས། འོ་ན་སེམས་བསྐྱེད་ཀྱིས་ཟིན་པའི། །དགེ་སློང་ལ་སོགས་སྡོམ་པ་རྣམས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །རྩ་བ་ཆད་པ་ལ་སོགས་པ། །གཏོང་རྒྱུ་ཀུན་གྱིས་མི་གཏོང་འགྱུར། །ཞེས་པའི་གནོད་བྱེད་ཁྱོད་ལ་འཇུག་པར་འགྱུར་རོ། །
ཡང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སོར་སྡོམ་དེ། བྱང་སྡོམ་ཡིན་ནམ་མིན། ཡིན་ན། བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི། །སོར་སྡོམ་ཤི་ཚེ་མི་གཏོང་ངམ། །དེ་ལྟ་བུ་ཡི་སྡོམ་པ་དེ། །བྱང་སེམས་སྡོམ་པ་ཡིན་པའི་ཕྱིར། །དེ་ལ་ཁྱོད་ལན་ཇི་ལྟར་འདེབས། །མིན་ན། བྱང་སེམས་རྒྱུད་ཀྱི་སྡོམ་པ་ལ། །བྱང་སྡོམ་གྱིས་ནི་མ་ཁྱབ་བམ། །འོ་ན་ཁྱོད་ཀྱི་སྒྲུབ་བྱེད་ལ། །ལུང་དང་རིགས་པ་གང་ཞིག་ཡོད། །
སེམས་བསྐྱེད་ཀྱིས་ཟིན་པའི་སོར་སྡོམ་ཆོས་ཅན། ཤི་བའི་ཚེ་ན་མི་གཏོང་བ་ཐལ། ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། ཞེས་པའི་གཏན་ཚིགས་ལ་རྣམ་ཐར་སྒོ་བཞིའི་ལན་ཇི་ལྟར་འདེབས་སམ།
ཁོ་བོས་ནི་ལན་འདི་ལྟར་འདེབས་ཏེ། དེ་ལྟ་བུའི་སོར་སྡོམ་བཏང་བའི་ཚེ། སེམས་བསྐྱེད་ཡིན་པ་ཞིག་བཏང། སེམས་བསྐྱེད་མི་གཏོང་ངོ། །འོ་ན་དེ་བཏང་བའི་ཚེ། སེམས་བསྐྱེད་བཏང་བར་ཐལ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཁྱད་པར་བ་བཏང་བའི་ཕྱིར་ཟེར་ན། མ་གྲུབ། དམིགས་པ་རྫོགས་བྱང་ལ་དམིགས་པའི་གཞན་གནོད་གཞི་བཅས་དམིགས་པའི་སེམས་པ་མཚུངས་ལྡན་དང་བཅས་པ་བཏང་བའི་ཕྱིར་ན། མ་ཁྱབ་བོ། །
འོ་ན་ཁྱེད་རང་ལ་འདི་འདྲི་སྟེ། བུམ་པ་དག་པའི་ས་ཕྱོགས་ན་ཆོས་ཅན། དངོས་པོ་མེད་པར་ཐལ། དོན་བྱེད་ནུས་པ་མེད་པའི་ཕྱིར་སྟེ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་མེད་པའི་ཕྱིར། འདི་ལ་མ་ཁྱབ་ཅེས་བརྗོད་ན། ཁོ་བོའང་། སེམས་བསྐྱེད་སྟོང་བར་ཐལ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཁྱད་པར་བ་གཏོང་བའི་ཕྱིར་ཟེར་ན། མ་གྲུབ། རྫོགས་བྱང་ལ་དམིགས་ནས་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་གཏོང་བའི་ཕྱིར་ཟེར་ན། མ་ཁྱབ་ཅེས་ལན་འདེབས་སོ། །གཞན་དུ་ན་སེམས་བསྐྱེད་ཡིན་པ་ཞིག་གཏོང་བས་སེམས་བསྐྱེད་གཏོང་བས་ཁྱབ་པར་འདོད་ན། དེ་ལྟ་བུའི་དགེ་སློང་སྡོམ་པ་གཏོང་བའི་ཚེ། སེམས་བསྐྱེད་གཏོང་བར་ཁས་ལེན་དགོས་པ་ལས་འོས་མེད་དོ། །
དེས་ན་དེ་ཉིད་ལས། དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་སྡོམ་པ་དེ་དག་ངོ་བོ་གཅིག་ཞེས་པ་ནི། རྫས་ཐ་དད་མེད་པ་ཙམ་ལས། བྱས་མི་རྟག་བཞིན་དུ་ངོ་བོ་དབྱེར་མེད་ཀྱི་དོན་གཏན་ནས་མིན་ནོ། །འོ་ན་སྡོམ་པ་དེ་དག་ངོ་བོ་གཅིག་ཀྱང་གཅིག་གཏོང་ལ་གཅིག་མི་གཏོང་བའི་རྒྱུ་མཚན་གང་ཡིན་སྙམ་ན། ཉན་ཐོས་ཀྱི་ཆོ་ག་ཇི་སྲིད་འཚོ་བའི་བར་དུ་ཡིན་པས་དེ་ལ་བརྟེན་པའི་སོར་སྡོམ་ཡང་ཇི་སྲིད་འཚོ་བའི་བར་དུ་ཡིན་པས་ཤི་བའི་ཚེ་གཏོང་ངོ་། །ཐེག་ཆེན་གྱི་ཆོ་ག་ནི་བྱང་ཆུབ་མ་ཐོབ་བར་དུ་ཡིན་པས་དེ་ལ་བརྟེན་པའི་ཐེག་ཆེན་སྡོམ་པ་ཡང་སེམས་མ་ཉམ་བར་དུ་ཡིན་པས་ཤི་བའི་ཚེ་ན་མི་གཏོང་ངོ་། །
དེ་ལ་ཤི་བའི་ཚེ་ན་དགེ་སློང་གི་ལྡོག་པ་ནས་གཏོང་། བྱང་སེམས་ཀྱི་ལྡོག་པ་ནས་མི་གཏོང་ཞེས་པ་ནི། རྟོག་གེའི་གཞུང་ནས་བཤད་པའི་ལྡོག་པ་གཞན་སེལ་དང་དོན་གཅིག་པ་དེ་མིན་ཏེ། གཞན་གནོད་གཞིར་བཅས་སོགས་ཀྱི་ལྡོག་ཆ་ནས་གཏོང་ཞེས་པའི་དོན་ནོ། །
བསམ་ཚུལ་ཕྲིས།