༈ ཀུན་བཟང་།

ཀུན་བཟང་།

ཆོས་མིང་འཇམ་དབྱངས་དགེ་ལེགས། སྨྱུག་མིང་རྟོག་ཞིབ་པ། 1978མདོ་ཁམས་ཏྲེ་ཧོར་དཀར་མཛེས་འབུ་ཆུ་དབྱར་ཁབ་གྲོང་སྡེར་སྐྱེས།མིང་ལ་ཀུན་བཟང་འཕྲིན་ལས་བཏགས། ཆུང་དུས་ནས་སློབ་ཆུང་འགྲིམས་པ་དང་བོད་ཡིག་འབྲི་ཀློག་ནས་ཆོས་སྤྱོད་རིགས་སྦྱངས། 1992ཕུ་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་འདོན་རྟ་དབྱངས་ཆོ་གའི་རིགས་སྦྱངས། 1995ཀླུ་ལྡིང་མཁན་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་དང་བསྙེན་རྫོགས་ཞུས། 1996གདོང་ཐོག་བཤད་གྲྭར་གཞུང་ཆེན་སློབ་གཉེར་ལོ་གཉིས་ཙམ་བྱས། 2001འཕགས་ཡུལ་དུ་འབྱོར་རྗེས་རྫོང་སར་བཤད་གྲྭར་ཞུགས་ཏེ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གཙོས་དགེ་བའི་བཤེས་གཉེན་དུ་མར་བསྟེན་དེ་མདོ་སྔགས་རིག་གནས་བཅས་ལ་སྦྱངས་པ་བྱས།གོང་ས་སྐྱབས་མགོན་ཆེན་པོ་དང་གོང་མ་ཁྲི་ཆེན་སོགས་གཙོས་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལས་དཀའ་ལུང་དབང་གསུམ་གྲངས་མང་ཞུས། 2010 ལོར་ནས་རྫོང་སར་བཤད་གྲྭར་སྐྱོར་ཁྲིད་ལོ་གཅིག་དང་། 2011བལ་ཡུལ་སྤོག་ར་པདྨ་ཚལ་བཤད་གྲྭའི་མཁན་པོ་བྱས་ཏེ་དཔེ་ཁྲིད་གཙོས་བཤད་གྲྭའི་འཛིན་སྐྱོང་གི་འགན་ཁུར་ལོ་གཉིས་བྱས། 2013ལོ་ནས་རྫོང་བཤད་གྲྭར་དཔེ་ཁྲིད་དགེ་རྒན་བྱས། 2016 རྒྱལ་དབང་ཀརྨ་པ་དང་། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཟུང་འབྲེལ་ཐོག་མཁན་པོའི་མཚན་གནས་བཏགས། དེ་ནས་བཟུང་ད་ལྟའི་བར་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་འགན་ཁུར་མུས་དང་། བཤད་གྲྭའི་ཡིག་ཚད་ཚོགས་ཆུང་ནང་གི་ལས་བྱེད་ལོ་གཉིས་དང་། ཤེས་ཡོན་སྐོར་ལྟ་སྟངས་བྱེད་མཁན་ལོ་གཅིག་བྱས། ད་ལྟར་«ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་»གི་འགན་འཛིན་དང་། «གསུང་རབ་ཕབ་བསྒྱུར་ཁང་»གི་འགན་འཛིན་བྱེད་མུས་བཅས་ཡིན། བརྩམས་ཆོས་ལ་«ཕུ་མགོ་དགོན་གྱི་ལོ་རྒྱུས་དང་ཕུ་སྤྲུལ་རིམ་བྱོན་གྱི་རྣམ་ཐར་དང་།»ཕྱི་ནང་གི་དུས་དེབ་ཁག་ཏུ་དཔྱད་རྩོམ་གཙོས་རྩོམ་ཡིག་དུ་མར་སྤེལ་ཞིང་«དཀའ་གནད་དགོངས་བཅུད།» «ལྟ་བའི་གནད་ལ་དཔྱད་པ།» «འཇུག་འགྲེལ་ཟླ་བའི་དགོངས་རྒྱན།» བཅས་སོ། །

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *