༑ རྡོར་གདན་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་མཇུག་ལེགས་པར་གྲུབ་པ།

༄༅། །བདག་ཅག་གི་སྟོན་པ་བདེ་གཤེགས་ཤཱཀྱ་ཐུབ་པའི་དབང་པོ་མངོན་པར་འཚང་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭའི་གོ་སྒྲིག་འོག་ལོ་ངོ་གཉིས་རེའི་མཚམས་སུ་རྫོང་སར་སྨོན་ལམ་ཆེན་མོ་འཚོགས་སྲོལ་ཡོད་པ་བཞིན་ད་ལོའང་སྤྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༡༨ ནས་ ༢༧ བར་ཉིན་བཅུའི་རིང་རྡོར་གདན་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་འཚོགས་ཡོད།

རྡོར་གདན་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་འདི་ཡང་༸རིས་མེད་བསྟན་པའི་མངའ་བདག་༸སྐྱབས་མཆོག་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཐོག་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་སློབ་འདུས་པ་ཡོངས་དང་ས་གནས་གཞན་ནས་ཕེབས་པའི་གྲྭ་བཙུན་དང་སྐྱ་སེར་སྟོང་ཚོ་གཉིས་ཙམ་ལྷན་འཛོགས་ཐོག་ཕྱི་ནང་གང་གིའང་གེགས་དང་བར་ཆད་མེད་པར་བཀྲ་ཤིས་པའི་ངང་ནས་ལེགས་གྲུབ་བྱུང་ཡོད།

སྨོན་ལམ་འཚོགས་སྐབས་སུ་སྔར་རྒྱུན་བཞིན་སྔ་དྲོའི་ཆར་གནས་བརྟན་ཕྱག་མཆོད་གསུང་བ་དང་ཉིན་རྒྱབ་བཟང་སྤྱོད་སྨོན་ལམ་གསོག་སྒྲུབ་གནངས་ཡོད། དེའི་རྗེས་ལ་ཉིན་ལྟར་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་མཆོག་ནས་མདོ་སྡེ་ཕལ་པོ་ཆེ་ལས་བཏུས་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད་རྒྱས་བསྡུས་འཚམ་ལ་གོ་བདེ་ཞིང་དོན་ཟབ་པའི་ཁྱད་ཆོས་ཅན་ཞིག་གནངས་ཡོད།

དམིགས་གསལ་གྱིས་ལོ་འདིར་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་སྐུ་བལྟམས་ནས་མི་ལོ་ཧྲིལ་པོ་བརྒྱ་འཁོར་བའི་རྗེས་དྲན་དུ་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་རྗེས་དྲན་གྱི་མཆོད་འབུལ་ཆེན་མོ་འཚོགས་ཡོད་པ་དང་། རྗེས་དྲན་གྱི་ཆ་ཤས་སུ་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག་ཁོང་ཉིད་ཀྱི་སྐུ་དྲིན་མཚོན་བྱེད་དུ་དངོས་དང་བརྒྱུད་པའི་སྒོ་ནས་འབྲེལ་བའི་སློབ་མ་རྣམས་ཀྱིས་ཕུལ་བའི་ཆེད་རྩོམ་ཕྱོགས་གཅིག་ཏུ་བསྡུས་པའི་སེམས་པ་ཆེན་པོ་རྗེས་དྲན་ཞེས་པའི་དཔེ་དེབ་ཀྱི་གཙོས་གཞན་ཡང་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་བསྒྲིགས་གནང་བའི་དཔེ་དེབ་དུ་མ་ཞིག་གི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད།

གཞན་ཡང་རྡོར་གདན་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པར་བརྒྱད་ཁྲི་བཞི་སྟོང་ཚོགས་པའི་གོ་སྒྲིག་འོག་བོད་སྐད་ནས་དབྱིན་སྐད་ལ་སྒྱུར་བཞིན་པའི་བཀའ་བསྟན་ཁྲོད་ནས་བསྒྱུར་ཟིན་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དག་འདོན་ཞུས་ཡོད་པ་དང་གཞན་ཡང་རྒྱ་སྐད་དུ་མི་བཞུགས་པའི་བཀའ་བསྟན་བོད་སྐད་ནས་རྒྱ་སྐད་དུ་བསྒྱུར་བའི་ལས་གཞི་ཆེན་མོ་ལོ་ཆེན་གཞོན་ནུའི་སྲོག་གི་ལས་གཞི་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་རྟེན་འབྲེལ་གྱི་མདོ་དག་འདོན་ཞུས་པའི་མཛད་སྒོ་སྟབས་བདེ་བོ་ཞིག་འཚོགས་ཡོད།

སྨོན་ལམ་ལེགས་པར་གྲུབ་རྗེས། འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་སློབ་འདུས་མང་ཡོངས་དང་གཞན་ཡང་ཚོགས་བཅར་བ་དད་ལྡན་སྐྱ་སེར་མང་པོ་དང་ལྷན་དུ་དཔལ་ན་ལཎྜ་དང་བྱ་རྒོད་ཕུང་པོའི་རི་དང་རྒྱལ་པའི་ཁབ་སོགས་དང་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་པའི་གནས་མཆོག་རི་བོ་བྱ་རྐང་དུ་གནས་བསྐོར་ལ་ཕེབས་ཡོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *