༈ ཡོན་ཏན་རྒྱ་མཚོ།

ཡོན་ཏན་རྒྱ་མཚོ།

ཡོན་ཏན་རྒྱ་མཚོ་མཆོག་ནི་ཕྱི་ལོ་ ༡༩༨༥ ལོར་ཁམས་སྡེ་དགེ་འབྲི་ནུབ་རོང་གསུམ་གྲོང་སྡེ་རུ་ཡབ་རྡོ་རྗེ་དགྲ་འདུལ་དང་ཡུམ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གཉིས་ལ་སོན་པའི་སྐབས་སུ་ངོར་ཁང་གསར་མཁན་ཆེན་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་མཆོག་ཉིད་ཀྱིས་སྐྲ་ཕུད་བྲེགས་ནས་རབ་ཏུ་བྱུང་ན་དགེ་ཞེས་ལུང་བསྟན་གནང་བར་བརྟེན། ཆུང་བྱིས་པའི་དུས་ནས་རབ་ཏུ་བྱུང་བའི་སྟ་གོན་དུ་བོད་ཡིག་འབྲི་ཀློག་ལ་བསླབས།

དེ་ནས་ལོ་ནར་སོན་པ་དང་མཁན་པོ་ཚེ་དབང་ཀུན་ཁྱབ་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་རབ་ཏུ་བྱུང་སྟེ་ཝ་ར་དགོན་དུ་ཞུགས། དགོན་དེའི་ནང་དུ་དང་ཐོག་ལོ་ངོ་དུ་མའི་རིང་འདོན་ཕྱག་ལེན་ལ་སློབ་སྦྱོང་གནང་། དེ་རྗེས་ཝ་ར་ལྔ་རིག་ནང་བསྟན་སློབ་གླིང་དབུ་བརྙེས་པ་དང་དེའི་ནང་འཛུལ་ཞུགས་བྱས་ཏེ་ལོ་ངོ་གསུམ་ལྷག་རིང་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལ་སློབ་གཉེར་མཛད།

ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་དུ་འབྱོར་ནས་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཛུལ་ཞུགས་གནང་སྟེ། དབུ་མ་དང་བསྟན་བཅོས་སློབ་དཔོན་བཅས་ཀྱི་འཛིན་གྲྭ་རྣམས་རིམ་གྱིས་བགྲོད་སྟེ། གཞུང་ཆེན་བཀའ་པོད་དྲུག་ཆ་ལག་དང་བཅས་པར་གསན་སྦྱོང་མཐར་ཕྱིན་པ་མཛད། བསྟན་བཅོས་ལོ་རིམ་གཉིས་པའི་སྐབས་སུ་དགེ་བསྐོས་ཀྱི་འགན་ཁུར་གནང་།

ཕྱི་ལོ་ ༢༠༡༣ ལོར་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྐྱོར་དཔོན་ལ་བསྐོས་ནས་ལོ་ངོ་གཉིས་རིང་སྐྱོར་ཁྲིད་གནང་། ཕྱི་ལོ་ ༢༠༡༤ ལོར་དཔེ་ཁྲིད་དགེ་རྒན་ལ་བསྐོས་ནས་ལོ་ངོ་གཉིས་ལ་ཉེ་བར་དཔེ་ཁྲིད་གནང་། ཕྱི་ལོ་ ༢༠༢༢  ལོར་ ༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གིས་སྒྲུབ་ཐབས་ཀུན་བཏུས་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་སྐབས་དང་བསྟུན་ཏེ། རིན་པོ་ཆེ་ཉིད་ཀྱི་ཕྱག་ཟུང་དྲོན་མོ་ནས་མཁན་པོའི་ཕྱག་འཁྱེར་བཞེས་རྒྱུའི་སྐལ་བཟང་བྱུང་།

རྒྱ་གར་དུ་བཞུགས་པའི་རིང་ལ་བླ་ཆེན་རྣམས་པའི་མདུན་ནས་དབང་ལུང་མན་ངག་ཞུས་པའི་གྲངས་ཀ་བགྲང་གིས་མི་ལང། ཕྱི་ལོ་ ༢༠༡༥ ལོའི་ལོ་མཇུག་ཏུ་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་གི་དད་སློབ། སྐྱོབ་སྐྱོབ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཟས་སྦྱིན་མོས་ཐེ་ཝན་དུ་གསར་ འཛུགས་བྱས་པའི་བྱམས་ཆར་སློབ་གསོ་གླིང་དུ་ནང་ཆོས་སྤེལ་ཕྱིར་དུ་མངགས། སློབ་གླིང་དེ་ནི་གཙོ་བོ་ཕ་མ་མེད་པའི་དྭ་ཕྲུག་དང་། ཁྱིམ་ཚང་དབུལ་པོའི་སློབ་ཕྲུག་རྣམས་གསོ་སྐྱོང་དང་། ནང་ཆོས་ལ་དོན་གཉེར་ཡོད་པའི་རྒན་རྒོན་དག་ལ་ལྟ་རྟོག་བྱེད་ས་ཞིག་ཡིན།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *