༈ ཀུན་བཟང་རྒྱལ་མཚན།

ཀུན་བཟང་རྒྱལ་མཚན།

ཀུན་བཟང་རྒྱལ་མཚན་མཆོག་ནི་ ༡༩༨༥ ལོར་ཁམས་སྟོད་ནང་ཆེན་སྡོམ་པའི་ཆང་ཟོམ་ཐང་དུ་ཟོ་ཆེན་བཱཻ་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། རང་ལོ་བརྒྱད་ཙམ་ནས་ཁོང་གི་དྲིན་ཆེན་ཨ་མྱེ་འཇམ་དབྱངས་བློ་གྲོས་དང་སྤུན་མཆེད་བདེ་རབ་གཉིས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་སོགས་གནང་བའི་གོ་སྐབས་ཐོབ། དེ་རྗེས་ཕྱུགས་ཟོག་འཚོ་སྐྱོང་དང་འབུ་རྐོ་ཞིང་ལས་སོགས་མདོར་ན་འཇིག་རྟེན་པའི་ལས་ཀ་དངོས་ཀྱི་ནང་དུ་ཞུགས་ནས་ནང་མི་དང་ལྷན་དུ་སྐྱིད་སྡུག་གི་འཚོ་བ་རོལ།

ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ཏེ་གདན་ས་ཆེན་མོ་འཕགས་ཡུལ་རྫོང་སར་བཤད་གྲྭ་རུ་འཛུལ་ཞུགས་གནང་། བཤད་གྲྭ་རུ་ཐོག་མར་སྔོན་འགྲོ་འཛིན་གྲྭ་ནས་མཐར་འཛིན་གྲྭ་བཅུ་པ་མ་ཐོན་གྱི་བར་དུ། བཀའ་དྲིན་བསམ་བརྗོད་ལས་འདས་པའི་ ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། མཁན་ཆེན་དམ་པ་ཀུན་དགའ་དབང་ཕྱུག་གཉིས་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དུ་མའི་སྐུ་མདུན་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་ཁྱོན་ལོ་ངོ་ཧྲིལ་པོ་བཅུ་གཅིག་གི་རིང་སློབ་སྦྱོང་གནང་།

རྒྱུད་རིམ་དེ་དག་གི་ཁྲོད་ནས་དབུ་མ་དང་། བསྟན་བཅོས་སློབ་དཔོན་སོགས་ཀྱི་ཕྱག་འཁྱེར་རིམ་བཞིན་བཞེས། སློབ་སྦྱོང་གི་ཞོར་དུ་བཤད་གྲྭའི་དགེ་བསྐོས་ལོ་གཅིག་དང༌། གཞི་རིམ་སློབ་གྲྭའི་དགེ་རྒན་ལོ་གཅིག་ལྷག་ཙམ་གནང་། སློབ་མཐར་ཕྱིན་པ་དང་ལོ་ངོ་གཉིས་རིང་སྐྱོར་ཁྲིད་གནང་པ་མ་ཟད། ཞོར་དུ་རིག་གནས་འཛིན་གྲྭ་ལ་ཞུགས་ནས་སྐབས་དང་པོའི་རིག་གནས་རབ་འབྱམས་པའི་བསླབ་པ་ཡོངས་སུ་མཐར་ཕྱིན་ནས་རབ་འབྱམས་པའི་ཕྱག་ཁྱེར་བཞེས། བཤད་གྲྭ་རང་ལ་དཔེ་ཁྲིད་གནང་ནས་ལོ་ངོ་གསུམ་རྫོགས་ལ་ཉེ་བ་མ་ཟད་ད་རུང་བྱེད་མུས་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *