༈ ཚེ་དབང་རིག་འཛིན།

ཚེ་དབང་རིག་འཛིན།

ཚེ་དབང་རིག་འཛིན་མཆོག་ནི་ཕྱི་ལོ་ ༡༩༨༢ ཕྱི་ཟླ་ ༡ ཚེས་ ༡༥ ཉིན་བོད་ཤར་ཕྱོགས་སྨར་ཁམས་ཡུལ་དུ་འཁྲུངས། ཕྱི་ལོ་ ༡༩༩༢ ལོར་ས་གནས་སློབ་གྲྭར་བོད་ཡིག་འབྲི་ཀློག་སོགས་སྦྱངས། ཕྱི་ལོ་ ༡༩༩༤ ལོར་རྒྱལ་ཁྲི་དགོན་དུ་ཆོས་སྒོར་ཞུགས་ཏེ་སྐྱབས་རྗེ་གོ་ན་པཎ་ཆེན་སྐུ་མདུན་ནས་རབ་ཏུ་བྱུང༌། གསུང་ངག་ལམ་འབྲས་ཚོགས་བཤད་གཙོས་དབང་ཁྲིད་མང་པོ་ཞུས། དེ་ནས་དགོན་པའི་འདོན་དབྱངས་བཅས་ཆོ་གའི་རིམ་པ་དག་སྦྱངས་ནས་དགོན་པའི་མཆོད་དཔོན་དང་དབུ་མཛད་བཅས་གནང་།

ཕྱི་ལོ་ ༡༩༩༦ ནས་སྔོན་འགྲོའི་སྐོར་དང་འབྱུང་འདུལ་དང་རྟ་མགྲིན་ལ་སོགས་པ་ཡིད་དམ་ཁ་ཤས་ཀྱི་བསྙེན་མཚམས་ལོ་ཤས་རིང་བཞུགས། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་འབྱོར་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང༌། ༧སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ངག་ལམ་འབྲས་སློབ་བཤད་སོགས་ཞུས།  ཕྱི་ལོ་ ༢༠༠༠ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་དག་ལ་སློབ་གཉེར་གནང་ནས་ཕྱི་ལོ་ ༢༠༠༦ ལོར་དབུ་མའི་ཕྱག་འཁྱེར་དང༌། ༢༠༠༩ ལོར་བསྟན་བཅོས་ཀྱི་ཕྱག་འཁྱེར། ༢༠༡༡ ལོར་སློབ་མཐར་ཕྱིན་ནས་སློབ་དཔོན་གྱི་ཕྱག་འཁྱེར་རྣམས་རིམ་པས་བཞེས་གནང་མཛད།

དེ་དག་གི་རིང་དམིགས་བསལ་ ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཚེའི་སྐུ་མདུན་ནས་གདམས་ངག་མཛོད་མཚོན་པའི་ཟབ་ཆོས་མང་དག་དང༌། མཁན་ཆེན་དམ་པ་ཀུན་དགའ་དབང་ཕྱུག་མཆོག་གི་མདུན་ནས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པའི་བཤད་ལུང་དང་ཟབ་ཆོས་གཞན་དུ་མ་ཐོབ་པའི་སྐལ་བ་བྱུང༌།

ཕྱི་ལོ་ ༢༠༡༡ ལོར་བཤད་གྲྭའི་སྐྱོར་དཔོན་གནང་། ༢༠༡༢ ལོར་ཚད་མའི་དཔེ་ཁྲིད་དགེ་རྒན་དང༌། ༢༠༡༣ ལོར་མངོན་པ་མཛོད་ཀྱི་དགེ་རྒན། ༢༠༡༤ ལོར་དབུ་མ་གོང་མའི་དགེ་རྒན། ༢༠༡༥ ལོར་ཚད་མ་རྣམ་འགྲེལ་གྱི་དགེ་རྒན། ༢༠༡༦ ལོར་མངོན་པ་མཛོད་ཀྱི་དགེ་རྒན་གནང་ཞིང་། ༢༠༡༦ ལོར་རྒྱལ་དབང་ཀརྨ་པ་མཆོག་གི་ཕྱག་ནས་མཁན་པོའི་མཚན་གནས་བཞེས། བཤད་གྲྭའི་དཔེ་ཁྲིད་དགེ་རྒན་བྱས་པའི་རིང་ཞོར་དུ་བཤད་གྲྭའི་དངུལ་གཉེར་ལོ་བཞི་དང་། འཛིན་གྲྭ་གོང་འོག་གི་རྟགས་གསལ་འགྲན་བསྡུར་གོ་སྒྲིག་གི་ལས་དོན་ལོ་གསུམ། ཡིག་ཚད་ལས་དོན་ལོ་གཅིག་གནང་། ༢༠༡༧ ལོར་ ༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་། བཤད་གྲྭའི་ལས་ཐོག་མཁན་པོའི་མདུན་ནས་བཀའ་ཁྲོལ་ཞུས་ཏེ། ད་བར་ཐེ་ཝན་དུ་རྒྱ་རིགས་ཚོར་ནང་ཆོས་སློབ་ཁྲིད་དང༌། ཞོར་དུ་རྒྱ་ཡིག་སློབ་ཚན་སྦྱོང་དང་སྦྱོང་མུས་སུ་མཆིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *