༈ མཁན་ཆེན་དགོངས་རྫོགས་མཆོད་འབུལ་ཐེངས་བཅོ་ལྔ་པ།

བདེ་བར་གཤེགས་པ་མཁན་ཆེན་ངག་དབང་ཀུན་དགའ་དབང་ཕྱུག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ལ་ན་མོ།

དེ་རིང་སྟེ་སྤྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༡༠ བོད་ཟླ་ ༣ ཚེས་ ༢༠ ཉིན་མོ་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ངག་དབང་ཀུན་དགའ་དབང་ཕྱུག་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ཧྲིལ་པོ་བཅོ་ལྔ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཡིན་པ་བཞིན། འདི་ག་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མཁན་ཆེན་དགོངས་རྫོགས་མཆོད་འབུལ་འཚོགས་པ།

འདུས་མང་ཡོངས་ཀྱིས་བླ་མ་མཆོད་པའི་ཆོ་ག་གསུང་བཞིན་པ།

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་ ༸དཔལ་ས་སྐྱའི་གདུང་སྲས་༸ སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱའི་གདུང་སྲས་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཀྱིས། འཕགས་ཡུལ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོ། དེ་བཞིན་བཤད་གྲྭའི་མཁན་པོ་དང་དགེ་རྒན། མཆོག་གི་སྤྲུལ་སྐུ་རྣམ་པ། སྐྱོར་དཔོན་རྣམ་པ། དགེ་འདུན་འདུས་མང་བཅས་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་འདུས་ཏེ་ས་པཎ་བླ་མ་མཆོད་པའི་ཆོ་ག་ཡི་སྒོ་ནས་མཆོད་སྤྲིན་རྒྱས་སྤྲོས་དང་བཅས་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་འཚོགས་ཤིང་། ཐེ་ཝན་དང་། ཧྥ་རན་སི། སུད་སི་བཅས་སུ་གནས་བཞུགས་རྫོང་སར་བཤད་གྲྭའི་མཁན་དགེ་དང་སློབ་ཟུར་བ་ཁག་ཅིག་ནས་ཀྱང་འདུས་ཚོགས་སུ་བསྙེན་བཀུར་ཞུས།

འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་ཕུལ་བ།

དགོང་མོར་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱི་མདུན་ཐང་དུ་མཁན་ཆེན་བདེ་བར་གཤེགས་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་དྲངས་པའི་སྔུན་དུ་ ༸དཔལ་ས་སྐྱའི་གདུང་སྲས་༸ སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱའི་གདུང་སྲས་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་རྣམ་གཉིས་དང་། བཤད་གྲྭའི་ལས་ཐོག་མཁན་པོ་དབུས་འདུས་མང་ཡོངས་གདན་འཛོམས་ཏེ། བཤད་གྲྭའི་འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་ཕུལ་བ་དང་།

དཔེ་དེབ་དབུ་འབྱེད་མཛད་པ་རྣམས།

དེ་བཞིན་དགོངས་རྫོགས་དུས་དྲན་གྱི་ཉིན་མོ་འདིར་མཁན་ཆེན་བདེ་བར་གཤེགས་པ་གང་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་ཆ་ཤས་སུ་དམིགས་ཏེ། བཤད་གྲྭའི་དཔེ་མཛོད་ཁང་གི་མཚན་ཐོག་ནས་དཔེ་སྐྲུན་ཞུ་བཞིན་པའི་ཆོས་ཀྱི་བློ་གྲོས་དེབ་ཕྲེང་བཅུ་པའམ་རྫོང་སར་མཁྱེན་བརྩེའི་གསུང་། པོད་བདུན་པ་ ༸  སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་སྤྱི་ལོ་ 2017  ཟླ  7  ཚེས་  26 ནས་ 28  བར་ཉིན་གསུམ་རིང་གནང་བའི་<<རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོར་བསྡུས་པ>>  འི་བཀའ་ཁྲིད། དགེན་ཚེས་གསུམ་དོན་འགྲུབ་ལགས་ཀྱིས་ཡི་གེར་ཕབ་པ་<<སྒྲོལ་དཀར་བཀའ་ཁྲིད>> ཅེས་པའི་དཔེ་དེབ་དང་། 2019 ལོའི་རྫོང་སར་བཤད་གྲྭ་ནང་ཁུལ་གྱི་དམིགས་བསལ་བགྲོ་གླེང་གི་རྩོམ་ཤོག་རྣམས་ཕྱོགས་བསྒྲིགས་བྱས་ཏེ། <<2019 སློབ་གཉེར་བའི་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས>> དང་། རྫོང་སར་ཀ་ནིཤྐའི་སློབ་མ་ཉི་མ་དབང་རྒྱལ་ལགས་ཀྱིས་ཡིག་བསྒྱུར་གནང་བའི་<<གྲགས་ཅན་གྱི་སློབ་སྒྲུང་གཅེས་བཏུས་>> བཅས་ ༸ སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་ མཆོག་གིས་དབུ་འབྱེད་ཞལ་ཕྱེ་གནང་བ་དང་།  2021 ལོའི་རྫོང་སར་བཤད་གྲྭ་ནང་ཁུལ་གྱི་དམིགས་བསལ་བགྲོ་གླེང་གི་རྩོམ་ཤོག་རྣམས་ཕྱོགས་བསྒྲིགས་བྱས་ཏེ། <<2021 སློབ་གཉེར་བའི་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས>>  ཞེས་པ། ༸དཔལ་ས་སྐྱའི་གདུང་སྲས་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་དབུ་འབྱེད་ཞལ་ཕྱེ་གནང་བ་དང་། 2022 ལོའི་རྫོང་སར་བཤད་གྲྭ་ནང་ཁུལ་གྱི་དམིགས་བསལ་བགྲོ་གླེང་གི་རྩོམ་ཤོག་རྣམས་ཕྱོགས་བསྒྲིགས་བྱས་ཏེ། <<2021 སློབ་གཉེར་བའི་བགྲོ་གླེང་དཔྱད་རྩོམ་ཕྱོགས་བསྒྲིགས>>  ཞེས་པ། བཤད་གྲྭའི་སློབ་སྤྱི་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་དབུ་འབྱེད་ཞལ་ཕྱེ་གནང་བའི་མཛད་རིམ་དང་མཇུག་ཏུ་འདུས་མང་ཡོངས་ནས་སྨོན་ལམ་གསུངས་ཏེ་དགོངས་རྫོགས་མཆོད་འབུལ་གྱི་མཛད་རིམ་ལེགས་པར་གྲུབ་བོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *