༈ བདུད་འདུལ་རྡོ་རྗེ།

བདུད་འདུལ་རྡོ་རྗེ།

བདུད་འདུལ་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༨༧ ལོར་མཐོ་སྒང་དུ་གཞུངས་དཀར་ཚང་ལ་འཁྲུངས། ཕ་མ་གཉིས་ཀྱི་རྩར་ནས་ཡི་གེར་བསླབས། ཕྱི་ལོ་ ༢༠༠༥ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་དང༌། རྫོང་སར་བཤད་གྲྭའི་མཁན་པོ་དང་དགེ་རྒན་མང་པོའི་ཞལ་སྔ་ནས། གཞུང་ཆེན་བཀའ་པོད་དྲུག་གམ། གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་གསན་སྦྱོང་ཚུལ་བཞིན་མཛད། ༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དང༌། ༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་སོགས་ཀྱི་ཞལ་སྔ་ནས། ལམ་འབྲས་སློབ་བཤད། གདམས་ངག་མཛོད། སྒྲུབ་ཐབས་ཀུན་བཏུས། བཀའ་འགྱུར་ལྗགས་ལུང་སོགས་སྨིན་གྲོལ་གྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་བཞེས་མཛད།

ཕྱི་ལོ་ ༢༠༠༧ ལོར་ ༧ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཕྱི་ལོ་ ༢༠༡༣ ལོར་དབུ་མའི་ཕྱག་འཁྱེར་དང༌། ༢༠༡༤ ལོར་བསྟན་བཅོས་ཕྱག་འཁྱེར་བཞེས། ཕྱི་ལོ་ ༢༠༡༦ ལོར་གཙུག་ལག་བཤད་གྲྭ་འདིའི་ནང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་སྦྱོང་ཚུལ་བཞིན་མཛད་དེ་སློབ་དཔོན་གྱི་རྒྱུགས་སྤྲོད་གནས་རིམ་དང་པོ་ཐོབ་ཅིང༌། ༢༠༡༧ ལོར༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས་སློབ་དཔོན་གྱི་ཕྱག་འཁྱེར་བཞེས།

ཕྱི་ལོ་ ༢༠༡༧ ལོར་རྫོང་སར་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་དགོན་པའི་དགེ་བསྐོས་སུ་བདམས་ཐོན་བྱུང་བ་མ་ཟད། ལོ་དེ་རང་ལ་སྐྱོར་དཔོན་དུའང་བདམས་བསྐོས་བྱུང༌། ཕྱི་ལོ་ ༢༠༡༨ ལོར་རྫོང་སར་བཤད་གྲྭས་བུམ་མང་བྱམས་པ་གླིང་དུ་ལོ་གཅིག་རིང་དཔེ་ཁྲིད་དགེ་རྒན་དུ་མངགས། ཕྱི་ལོ་ ༢༠༡༩ ལོར་རྫོང་སར་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་དུ་བདམས་བསྐོས་བྱུང་བ་ལྟར་ད་བར་བཤད་གྲྭ་ལ་དཔེ་ཁྲིད་མཛད་བཞིན་པ་ཡིན།

ཕྱི་ལོ་ ༢༠༢༢ ལོར་ ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ནས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་སྒྲུབ་ཐབས་ཀུན་བཏུས་ཀྱི་བཀའ་ཆོས་གནང་བའི་སྐབས་དང་བསྟུན་ནས། རིན་པོ་ཆེས་མཁན་པོའི་མཚན་གནས་བསྩལ་གནང་མཛད། ད་ལྟ་རྫོང་སར་བཤད་གྲྭ་རང་དུ་དཔེ་ཁྲིད་མཛད་མུས་ལགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *