༈ རྫོང་སར་གཞི་རིམ་སློབ་གྲྭ་ཀཎིཥྐའི་ཁང་གསོལ་མཛད་སྒོ།

དེ་རིང་སྟེ་སྤྱི་ལོ་༢༠༢༢ལོའི་ཟླ་བ་༨ཚེས་༡ བོད་ཟླ་༧ཚེས་༡༢གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། རྫོང་སར་གཞི་རིམ་སློབ་གྲྭ་ཀཎིཥྐ་ཅོན་ཏ་ར་སཾ་བྷོ་ཊའི་སློབ་གྲྭ་རུ་སྤོས་ཏེ་ཁང་གསོལ་མཛད་སྒོ་སྟབས་བདེ་ཞིག་ཚོགས།

མཛད་སྒོའི་ཡུལ་དངོས།

རྩ་བའི་རྫོང་སར་གཞི་རིམ་སློབ་གྲྭ་ཀཎིཥྐ་དེ་བཞིན་སྤྱི་ལོ་༢༠༡༧ལོར་གསར་དུ་དབུ་བརྙེས་ནས་བཟུང་རིམ་བཞིན་སློབ་སྦྱོང་དང་མཐུན་རྐྱེན་གང་ས་ནས་ཡར་རྒྱས་གཏོང་མུས་མ་ཟད། བཤད་གྲྭ་ལས་ལོགས་སུ་སློབ་གྲྭ་ཞིག་གསར་དུ་འཛུགས་སྐྲུན་ཞུ་རྒྱུའི་འཆར་གཞི་ཡིན་ན་ཡང་། ས་ཆའི་གནས་དོན་ཞིག་གི་རྐྱེན་པས་ད་བར་འགོར་འགྱངས་སུ་སོང་། སློབ་གྲྭ་ཟུར་དུ་སྤོ་ཐུབ་ན་སློབ་གྲྭའི་འཛིན་སྐྱོང་དང་། སྒྲིག་གཞི། དེ་བཞིན་སློབ་སྦྱོང་བཅས་ལ་ཕན་རླབས་ཆེ་བར་མཐོང་སྟེ་དགོན་པའི་ཉེ་འགྲམ་ཅོན་ཏ་ར་སཾ་བྷོ་ཊའི་སློབ་གྲྭའི་སློབ་མ་རྒན་པ་ཡོངས་རྫོགས་སློབ་གྲྭ་གཞན་དུ་ཟླ་སྦྲེལ་བཏང་ཏེ་འཛིན་ཁང་དང་ཉལ་ཁང་སོགས་ཁང་པ་གང་འཚམས་ཤིག་སྟོང་པ་ཡིན་པ་ཤེས་རྟོགས་བྱུང་མ་ཐག སློབ་གྲྭའི་དགེ་ཆེ་དང་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ལ་སྔ་ཕྱིར་འབྲེལ་བ་ཞུས་འབྲས་སུ་སློབ་གྲྭ་གཡར་རྒྱུའི་ཞལ་བཞེས་བྱུང་བ་བཞིན། སཾ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་དང་། ཅོན་ཏ་ར་སཾ་བྷོ་ཊ། རྫོང་སར་བཤད་གྲྭ་བཅས་ཀྱི་བར་དུ་གན་རྒྱ་བཞག་ནས་དེ་རིང་དངོས་སུ་སྤོས།

 

ཁང་གསོལ་མཛད་སྒོ་རུ་རྫོང་སར་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག་དང་། ལས་ཐོག་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་མཆོག རྫོང་སར་གཞི་རིམ་སློབ་གྲྭ་ཀཎིཥྐའི་སློབ་སྤྱི་བསྟན་འཛིན་གཡང་འཛོམས་ལགས། ཅོན་ཏ་ར་སཾ་བྷོ་ཊ་སློབ་གྲྭའི་དགེ་ཆེ་ལགས། རི་དྭགས་ཚལ་སློབ་གཉེར་ཁང་གི་འགན་འཛིན་དྷི་ཝན་ནེ་ཀི་ལགས། མཁྱེན་བརྩེ་བླ་བྲང་གི་ཕྱག་མཛོད་འབྲུག་རྒྱལ་ལགས། རྫོང་སར་མཐོ་རིམ་རིག་གནས་ཀྱི་གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་བཅས་ཀྱིས་དབུས། སྐུ་མགྲོན་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད། དེ་བཞིན་ཀཎིཥྐའི་དགེ་སློབ་ཡོངས་བཅས་ཚོགས་ཁང་དུ་ལྷན་འཛོམས་སར། ཀཎིཥྐའི་དགེ་ཆེ་བོད་དགེ་བརྩོན་འགྲུས་སེངྒེ་ལགས་ཀྱིས་བྱོན་པ་ལེགས་གསོལ་གྱི་འཚམས་འདྲི་གནང་རྗེས། ཐོག་མར་སྐུ་མགྲོན་གཙོ་བོ་མཁན་ཆེན་འཇམ་དབྱངས་བློ་གསལ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་པ་དང་འདུས་པ་ཡོངས་ཀྱིས་ཐུབ་བསྟོད་དང་བཀྲ་ཤིས་སོགས་ཞལ་འདོན་གསུངས།

 

དེ་རྗེས་རིམ་བཞིན་ཀཎི་ཥྐའི་སློབ་སྤྱི་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་ཁང་གསོལ་མཛད་སྒོའི་ངོ་སྤྲོད་གསུང་བཤད་དང་། བཤད་གྲྭའི་ལས་ཐོག་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག་གིས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་བཞེད་བཞིན་ཀཎིཥྐ་སློབ་གྲྭ་བཙུགས་སྟངས་དང་། དེ་བཞིན་སློབ་གྲྭ་སཾ་བྷོ་ཊའི་སློབ་གྲྭར་སྤོ་བའི་བརྒྱུད་རིམ་དང་དགོས་པ་རྒྱུ་མཚན། སློབ་གྲྭའི་ད་ལྟའི་སློབ་སྦྱོང་སོགས་ཀྱི་གནས་སྟངས་དང་མ་འོངས་པའི་ཐུགས་རེ་སོགས་ཀྱི་སྐོར་ནས་གསུང་བཤད་རྒྱས་པར་གནང་བ་དང་། འདུས་པ་་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། མཇུག་ཏུ་སྐུ་མགྲོན་རྣམ་པ་དང་ལྷན་དུ་ཀཎིཥྐའི་དགེ་སློབ་ཡོངས་ཀྱི་མཉམ་སྒྲོན་དྲན་རྟེན་འདྲ་པར་བསྒྲོན་ཏེ་མཛད་སྒོ་མཇུག་གྲུབ་པ་བཅས་སོ།།

སྐུ་མགྲོན་རྣམ་པ་དང་དགེ་སློབ་མཉམ་སྒྲོན་དྲན་རྟེན་འདྲ་པར།

བཤད་གྲྭའི་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *