༈ ༸དཔལ་རྫོང་སར་བཤད་གྲྭའི་སྐབས་དང་པོའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཆེན་མོ།

སྤྱི་ལོ་ ༢༠༢༢ ཟླ་བ་ ༨ ཚེས་ ༣ ནས་ ༥ བར་ཉིན་གསུམ་གྱི་རིང་༸དཔལ་རྫོང་སར་བཤད་གྲྭའི་སྐབས་དང་པོའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཆེན་མོ་དེ་བཞིན་རྫོང་སར་དཔེ་མཛོད་བཀྲ་ཤིས་སྒོ་མང་དུ་འཚོགས།

མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཆེན་མོའི་དཔྱད་འདེམས་པར་ཝར་ན་བོད་ཀྱི་ཆེས་མཐོ་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་དང། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་དགེན་བསོད་ནམས་རྒྱལ་མཚན་མཆོག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་༸རྒྱལ་བའི་གསུང་འབུམ་ཕྱོགས་བསྒྲིགས་ཁང་གི་ཞུ་སྒྲིག་འགན་འཛིན་ལྷ་རམས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་མཆོག ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་དང་ལོ་རྒྱུས་སློབ་དཔོན་དགེན་སྨན་ཤེར་བློ་གྲོས་མཆོག་བཅས་ཆེད་དུ་གདན་དྲངས། མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཉིན་དང་པོར་བཤད་གྲྭའི་མཁན་ཆེན་བསམ་གྲུབ་མཆོག་ཀྱང་ཆེད་ཕེབས་མཛད།

ངེས་སྟོན་པ་མཆོག་ནས་ལམ་སྟོན་གསུང་བཤད་གནང་བཞིན་པ།

སྤྱི་ཚེས་ ༣ སྔ་དྲོའི་ཚོགས་ཐུན་དུ་ཐོག་མར་རྩོམ་རིག་གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་དགེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་དཔྱད་འདེམས་མཁས་དབང་རྣམ་པ་ངོ་སྤྲོད་གནང་བ་དང། དཔྱད་རྩོམ་དམ་བཅའི་བགྲོ་གླེང་དུ་སློབ་མ་རྣམ་པས་གཏམ་བཤད་དང་ལན་འདེབས་བྱེད་ཚུལ། དེ་བཞིན་དཔྱད་འདེམས་པ་རྣམ་པས་སྐར་གྲངས་སྤྲོད་ཕྱོགས་ཀྱི་སྐོར་ནས་ངོ་སྤྲོད་གནང།

ཆོས་འགྲུབ། (གཡོན) བསྟན་འབུམ་ཚེ་རིང། (གཡས)

སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་དང་པོ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཆོས་འགྲུབ་ཀྱིས་ <<དུས་རབས་རིམ་བྱུང་གི་བོད་འགྱུར་སྙན་ངག་མེ་ལོང་མའི་འཕེལ་རིམ་ལ་དཔྱད་པ>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང། དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་བ་དང། དེ་མཚམས་སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་གཉིས་པ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་བསྟན་འབུམ་ཚེ་རིང་གིས་ <<བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་དང་རྒྱའི་ཆུ་ངོགས་གཏམ་རྒྱུད་ཀྱི་མཛེས་བཀོད་གཤིབ་བསྡུར>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལེན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང།

ཆོས་རྒྱལ་ཚེ་རིང། (གཡོན) ཚེ་ཐར་སྒྲོལ་མ། (གཡས)

ཕྱི་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་དང་པོ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཆོས་རྒྱལ་ཚེ་རིང་གིས་ <<ས་པཎ་དང་ཤོང་སྟོན་གཉིས་ཀྱི་སྙན་འགྱུར་གཤིབ་བསྡུར>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་བ་དང། དེ་མཚམས་ཕྱི་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་གཉིས་པ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཚེ་ཐར་སྒྲོལ་མས་ <<བོད་བཙན་པོའི་དུས་སྐབས་ཀྱི་མགུར་གླུའི་མཛེས་པ་དང། མགུར་གླུའི་སྒྱུ་རྩལ། མགུར་གླུའི་སྐད་བརྡ་བཅས་གླེང་བ>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་སྟེ་ཉིན་དང་པོའི་བགྲོ་གླེང་གི་ལས་རིམ་ལེགས་པར་གྲུབ།

འཇམ་དཔལ་བཟོད་པ། (གཡོན) མེ་འོད། (གཡས)

སྤྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་དང་པོ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་འཇམ་དཔལ་བཟོད་པས་ <<བོད་འགྱུར་སྙན་ངག་མེ་ལོང་གི་འགྱུར་རྩའི་རིམ་པར་གསར་དུ་དབྱེ་ཞིབ་ >> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང། དཔྱད་འདེམས་པ་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང། དེ་མཚམས་སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་གཉིས་པ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མེ་འོད་ཀྱིས་ <<བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དབྱེ་མཚམས་དང་བརྩམས་ཆོས་འགའི་དོགས་དཔྱོད>> ཅེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང།

བློ་བཟང་དོན་འགྲུབ། (གཡོན) ཀརྨ་ཚེ་དཔག (གཡས)

ཉིན་དེའི་ཕྱི་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་དང་པོ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་བློ་བཟང་དོན་གྲུབ་ཀྱིས་ <<བཙན་པོའི་སྐབས་ཀྱི་དགག་སྒྲུབ་རྩོམ་རིག་གི་བྱུང་རིམ>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང། དེ་མཚམས་ཕྱི་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་གཉིས་པ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཀརྨ་ཚེ་དཔག་གིས་ <<བོད་ཀྱི་རང་རྣམ་རྩོམ་རིག་གི་བྱུང་འཕེལ་དང་ཁྱད་ཆོས>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་སྟེ་ཉིན་གཉིས་པའི་བགྲོ་གླེང་ལས་རིམ་ལེགས་པར་གྲུབ།

པདྨ་རྣམ་རྒྱལ། (གཡོན) ཀུན་བཟང་འཕྲིན་ལས། (གཡས)

སྤྱི་ཚེས་ ༥ སྟེ་ཉིན་མཐའ་མའི་སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་དང་པོ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་པདྨ་རྣམ་རྒྱལ་གྱིས་ <<མདོ་མཁར་བ་ཚེ་རིང་དབང་རྒྱལ་དང་ཁོང་གི་བརྩམས་ཆོས་ལ་དཔྱད་པ>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་། དེ་མཚམས་སྔ་དྲོའི་ཚོགས་ཐུན་གྱི་གཏམ་བཤད་པ་གཉིས་པ་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཀུན་བཟང་འཕྲིན་ལས་ཀྱིས་ <<ས་སྐྱ་པཎྜིཏའི་སྙན་ངག་དང་སྙན་གཞུང་ལ་དཔྱད་པ>> ཞེས་པའི་དཔྱད་རྩོམ་གྱི་གཏམ་བཤད་དང་དཔྱད་འདེམས་པ་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གནང་སྟེ་ཉིན་གསུམ་པའི་སྔ་དྲོའི་བགྲོ་གླེང་གི་ལས་རིམ་ལེགས་པར་གྲུབ།

གདན་ཞུས་དཔྱད་འདེམས་པས་དྲི་རྩད་གནང་བཞིན་པ།

འཆར་གཞི་ལྟར་ན་ཉིན་འདིའི་ཕྱི་དྲོར་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་རྡོ་རྗེ་ཕུན་ཚོགས་ཀྱི་གཏམ་བཤད་དང་དྲི་བ་དྲིས་ལན་བྱེད་འཆར་ཡིན་ཡང། སློབ་མ་རྡོ་རྗེ་ཕུན་ཚོགས་ཨ་རིར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཚོགས་ཞུགས་བྱེད་བཞིན་ཡོད་སྟབས་གནས་སྐབས་ངང་འཐེན་བྱས་ཏེ། ཉིན་ཤས་རྗེས་དཔྱད་འདེམས་པ་རྣམ་པ་དྲ་ཐོག་བརྒྱུད་མཉམ་འཛོམས་ཀྱིས་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་དང་དྲི་བ་དྲིས་ལན་བྱེད་རྒྱུ་ཡིན་པ་རེད།

གདན་ཞུས་དཔྱད་འདེམས་པས་དྲི་རྩད་གནང་བཞིན་པ།

ཉིན་དེའི་ཕྱི་དྲོར་བཤད་གྲྭའི་མཁན་ཆེན་བསམ་གྲུབ་མཆོག་དང། ངེས་སྟོན་པ་སློབ་དཔོན་ཆེན་མོ་དགེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་དང་དཔྱད་འདེམས་པ་རྣམ་པ། གཙུག་ལག་རབ་འབྱམས་པའི་སློབ་མ་རྣམ་པ། གཞན་ཡང་ཟུར་ཉན་དུ་ཕེབས་པའི་བཤད་གྲྭ་དང་མཐོ་རིམ་རིག་གནས་འཛིན་གྲྭའི་དགེ་སློབ་ཁག་ཅིག་བཅས་ལྷན་འཛོམས་ཐོག དཔྱད་འདེམས་པ་རྣམ་པ་དང། ངེས་སྟོན་པ་མཆོག མཁན་ཆེན་བསམ་གྲུབ་མཆོག་བཅས་ནས་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཆེན་མོའི་མཐའ་སྡོམ་གསུང་བཤད་གནང་ཞིང། དཔྱད་འདེམས་པ་ཚང་མས་ཞལ་གཅིག་གྲགས་ཀྱིས་སྤྱིར་རྫོང་སར་བཤད་གྲྭའི་རིག་གནས་མཐོ་སློབ་འདི་དང། ཁྱད་པར་རྩོམ་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་སློབ་མ་རྣམ་པའི་ཤེས་ཚད་ལ་གདེང་འཇོག་ཚད་མཐོ་པོར་གནང། མཇུག་ཏུ་དཔྱད་འདེམས་པ་དང་དགེ་སློབ་ཚང་མ་དྲན་རྟེན་མཉམ་སྒྲོན་འདྲ་པར་བླངས་ཏེ་རྫོང་སར་བཤད་གྲྭའི་སྐབས་དང་པོའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་དམ་བཅའི་བགྲོ་གླེང་ཆེན་མོ་དེ་རྒྱལ་ཁའི་ངང་མཇུག་བསྡུས་སོང་བ་བཅས་ཀྱི་གནས་བསྡུས་སུ།

དྲན་རྟེན་མཉམ་སྒྲོན་འདྲ་པར།

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་སྤེལ།

 

རྩོམ་རིག་གཙུག་ལག་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་ཁག་གི་འདྲ་པར།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཆོས་འགྲུབ་ཀྱི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་བསྟན་འབུམ་ཚེ་རིང་གི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཆོས་རྒྱལ་ཚེ་རིང་གི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཚེ་ཐར་སྒྲོལ་མའི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་འཇམ་དཔལ་བཟོད་པའི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་མེ་འོད་ཀྱི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་བློ་བཟང་དོན་གྲུབ་ཀྱི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཀརྨ་ཚེ་དཔག་གི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་པདྨ་རྣམ་རྒྱལ་གྱི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཀུན་བཟང་འཕྲིན་ལས་ཀྱི་མཐར་ཕྱིན་དཔྱད་རྩོམ།

རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་རྡོ་རྗེ་ཕུན་ཚོགས་ཀྱི་མཐར་ཕྱིན་དཔྱད་རྩོམ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *