༈ འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་ཆེན་མོ་སྐབས་དང་པོ།

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

ཁ་སང་སྟེ་སྤྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༥ ཚེས་ ༦ རེས་གཟའ་པ་སངས་དགོང་མོར་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་ཆེན་མོ་སྐབས་དང་པོ་དེ་ཉིད་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱི་མདུན་ཐང་དུ་ཚོགས། བཤད་གྲྭའི་རྒྱུགས་ཞིབ་ཚོགས་ཆུང་གི་གོ་སྒྲིག་འོག་༸དཔལ་ས་སྐྱའི་གདུང་སྲས་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བཤད་གྲྭའི་སློབ་སྤྱི་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་མཆོག་གི་དབུས་བཤད་གྲྭའི་མཁན་པོ་དགེ་རྒན་དང་། མཆོག་གི་སྤྲུལ་སྐུ་རྣམ་པ། སྐྱོར་དཔོན་རྣམ་པ། སློབ་གཉེར་བ་ཡོངས་བཅས་གདན་འཛོམས་པའི་དབུས་སུ། འཛིན་གྲྭ་དགུ་པ་དབུ་མ་འཛིན་གྲྭ་གོང་མའི་སློབ་གཉེར་བ་བཞིས་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་དབུ་མ་སྤྱི་དོན་(རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ)ལས་བརྩམས་པའི་བགྲོ་གླེང་དྲི་བ་ཕུལ་བར་འཛིན་གྲྭ་བཅུ་པ་རྒྱུད་བླ་འཛིན་གྲྭས་ལན་འདེབས་ཀྱིས་བགྲོ་གླེང་མཛད།

༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོར་དབུ་བཞུགས་མཛད་པ།

དེ་ཡང་བགྲོ་གླེང་བ་དང་པོ་དབུ་མ་འཛིན་གྲྭ་གོང་མའི་སློབ་གཉེར་བ་སྐལ་ལྡན་ཕུན་ཚོགས་ཀྱིས་སྔོན་གྱི་མཁས་པ་པཎྜིཏ་རྣམས་ཀྱི་སྲོལ་དང་མཐུན་པར་ཕུན་ཚོགས་ལྔ་ལྡན་གྱི་བཤད་པས་བགྲོ་གླེང་གི་སྔུན་བསུས་ཏེ། <སེམས་ཙམ་པའི་ལུགས་ལ་བདེན་པ་གཉིས་ཀྱི་མཚན་མཚོན་གཞི་གསུམ་ཇི་ལྟར་འབྱེད་པ་དང་མདོ་ལུང་གི་ཁུངས་དང་མཁས་པའི་བཞེད་པ་མི་འདྲ་བ་གང་>ཞེས་པའི་དྲི་བ་ཕུལ་བར། རྒྱུད་བླ་འཛིན་གྲྭའི་སློབ་གཉེར་བ་ཉི་མ་ཚེ་རིང་གིས་ལན་འདེབས་དང་འཕྲོས་དོན་དྲི་བ་དྲིས་ལན་བཅས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་མཛད།

བགྲོ་གླེང་བ་སྐལ་ལྡན་ཕུན་ཚོགས།

དེ་རྗེས་བགྲོ་གླེང་བ་གཉིས་པ་དབུ་མ་འཛིན་གྲྭ་གོང་མའི་སློབ་གཉེར་བ་ངག་དབང་བརྩོན་འགྲུས་ཀྱིས་<ཀུན་མཁྱེན་གྱི་གཞུང་ནང་འཁོར་འདས་ཀྱི་གཞིའི་བཤད་ཚུལ་ལ་རིགས་མི་འདྲ་བ་གཉིས་ཙམ་སྣང་བ་ལས་གང་གོང་མ་རྣམ་ལྔའི་དགོངས་པ་དང་མཐུན་ནམ་ལུང་རིགས་གང་ཡོད་>ཅེས་པ་དང། <བྱང་སེམས་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་སྟོང་ཉིད་རྟོགས་སམ་མི་རྟོགས་སྒྲུབ་བྱེད་ལུང་རིགས་ཡོད་དམ་>ཞེས་པའི་བགྲོ་གླེང་གི་དྲི་བ་གཉིས་ཕུལ་བར། རྒྱུད་བླ་འཛིན་གྲྭའི་སློབ་གཉེར་བ་ཐུབ་བསྟན་རྒྱ་མཚོས་ལན་འདེབས་དང་འཕྲོས་དོན་དྲི་བ་དྲིས་ལན་བཅས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་མཛད།

བགྲོ་གླེང་བ་ངག་དབང་བརྩོན་འགྲུས།

དེ་ནས་བགྲོ་གླེང་བ་གསུམ་པ་དབུ་མ་འཛིན་གྲྭ་གོང་མའི་སློབ་གཉེར་བ་སློབ་གཉེར་བ་ངག་དབང་ཐེག་མཆོག་གིས་<ཐ་སྙད་བདེན་པ་ཐབས་སུ་གྱུར་གསུངས་པའི་ཐ་སྙད་བདེན་པ་ཞེས་པའི་ཚད་དེ་གང། ཐ་སྙད་བདེན་པ་དང་འཇིག་རྟེན་ཡང་དག་གི་ཀུན་རྫོབ་གཉིས་པོ་དོན་གཅིག་ཡིན་ནམ་ཅི་>ཞེས་པ་དང། <དབུ་མ་ཐལ་འགྱུར་བའི་ལུགས་བཟང་འདི་ལ་དོན་དམ་རིགས་པས་དཔྱད་པའི་ཚེ་ན་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པ་དང་དགག་བྱ་ལ་དོན་དམ་སོགས་ཀྱི་སྒྲ་མི་སྦྱར་བའི་གནད་དེ་གང་ལགས་སམ་>ཞེས་པའི་བགྲོ་གླེང་གི་དྲི་བ་གཉིས་ཕུལ་བར། རྒྱུད་བླ་འཛིན་གྲྭའི་སློབ་གཉེར་བ་བཀྲ་ཤིས་དབང་རྒྱལ་གྱིས་ལན་འདེབས་དང་འཕྲོས་དོན་དྲི་བ་དྲིས་ལན་བཅས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་མཛད།

བགྲོ་གླེང་བ་ངག་དབང་ཐེག་མཆོག

དེ་མཚམས་བགྲོ་གླེང་བ་བཞི་པ་དབུ་མ་འཛིན་གྲྭ་གོང་མའི་སློབ་གཉེར་བ་དོན་གྲུབ་སྤེན་པས་<མཐོང་བ་ཡང་དག་པ་དང་མཐོང་བ་རྫུན་པ་གཉིས་ཀྱི་རྙེད་ཚུལ་ཇི་ལྟར་ཡིན་ནམ་>ཞེས་པ་དང། <ཆོས་ཡིན་ན་དབུ་མ་ཡིན་པས་ཁྱབ་བམ་མ་ཁྱབ། མ་ཁྱབ་ན་རྒྱུ་མཚན་དང་ཁྱབ་ན་སྒྲུབ་བྱེད་གང་>ཞེས་པའི་བགྲོ་གླེང་གི་དྲི་བ་གཉིས་ཕུལ་བར། རྒྱུད་བླ་འཛིན་གྲྭའི་སློབ་གཉེར་བ་རྒྱལ་བསྟན་ཟླ་བས་ལན་འདེབས་དང་འཕྲོས་དོན་དྲི་བ་དྲིས་ལན་བཅས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་མཛད།

བགྲོ་གླེང་བ་དོན་འགྲུབ་སྤེན་པ།

 

གཞུང་དོན་བགྲོ་གླེང་གྲུབ་པ་དང་ཐེངས་འདིའི་བགྲོ་གླེང་དྲི་ཤོག་གི་རྗོད་བྱེད་དང་དྲི་ཤོག་སྒྲིག་སྟངས་སོགས་ཀྱི་ཐོག་ལ་རྒྱུད་བླ་འཛིན་གྲྭའི་སློབ་གཉེར་བ་ཆོས་འགྲུབ་ཀྱིས་དཔྱད་བརྗོད་བྱས་པར། དབུ་མ་འཛིན་གྲྭ་གོང་མའི་བགྲོ་གླེང་དྲི་ཤོག་སྒྲིག་པ་པོ་སློབ་གཉེར་བ་ངག་དབང་ཕྲིན་ལས་ཀྱིས་གསལ་བཤད་བྱས།

བགྲོ་གླེང་དྲི་ཤོག་དཔྱད་བརྗོད་པ་ཆོས་འགྲུབ།

མཇུག་མཐར་འདུས་མང་ཡོངས་ཀྱིས་ལྷན་ཅིག་ཏུ་བསྔོ་སྨོན་གསུངས་ཏེ་སློབ་ལོ་འདིའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོོ་དེ་ཉིད་ལེགས་པར་གྲུབ་སོང་བ་བཅས་ཀྱི་གནས་བསྡུས་སུ། ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་སྤེལ་བའོ། །

 

ཐེངས་འདིའི་གཞུང་ཆེན་བགྲོ་གླེང་གི་པར་རིས་འགའ།

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

ལས་ཐོག་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་མཆོག

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

འཛིན་གྲྭ་བཅུ་པ་རྒྱུད་བླ་འཛིན་གྲྭའི་བགྲོ་གླེང་ལན་འདེབས་པ་བཞི། གཡས་ནས་རིམ་བཞིན། རྒྱལ་བསྟན་ཟླ་བ། ཐུབ་བསྟན་རྒྱ་མཚོ། བཀྲ་ཤིས་དབང་རྒྱལ། ཉི་མ་ཚེ་རིང།

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

སློབ་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་གི་གཞུང་ཆེན་བགྲོ་གླེང་སྐབས་དང་པོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *