༈ དབང་ཕྱུག

དབང་པྱུག

ཤར་མི་ཉག་འབོ་གངས་དཀར་རི་བོ་ཕྱོགས་ལས་རྣམ་རྒྱལ་གྱི་མདའ་ལ་སྐྱིད་པོ་གྲོང་སྡེ་རུ་ཕྱི་ལོ་ ༡༩༨༣ ལོ་ཕ་སྐྱེས་སྟོབས་དང་མ་སེམས་མོ་གཉིས་ཀྱི་བུར་སྐྱེས། ལོ་བདུན་ནས་བཅུ་གཅིག་གི་བར་དུ་བོད་ཡིག་དང་རྒྱ་ཡིག་སོགས་ལ་སློབ་སྦྱོང་བྱས།   ལོ་བཅོ་བརྒྱད་ཐོག་ཏུ་ཕ་མའི་རེ་འདུན་ལྟར་དཔལ་ལྡན་ཁམས་གསུམ་གྲགས་དགོན་དུ་ཆོས་སྒོར་ཞུགས།

ཕྱི་ལོ་ ༢༠༠༥ ལོའི་དགུན་སྨད་ཀྱི་དུས་སུ་རྒྱ་གར་འཕགས་ཡུལ་དུ་འབྱོར་ཏེ་འཕགས་ཡུལ་༸རྫོང་སར་བཤད་གྲྭར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དྲུང་ནས་རབ་བྱུང་གི་སྡོམ་པ་དང་སྤྱོད་འཇུག་ཆེན་མོ་སོགས་ཀྱི་བཀའ་ཁྲིད་ཐོབ་པ་དང་། ཁོང་གི་ཐུགས་སྲས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས། སུམ་རྟགས་དག་གསུམ་དང་། གཞུང་པོད་ཆེན་ལྔ་ལ་དཀའ་སྤྱོད་དྲག་པོས་སྦྱང་བརྩོན་བྱས་ཏེ་ཕྱི་ལོ་ ༢༠༡༡ ལ་དབུ་མ་དང་། ༢༠༡༤ལོར་བསྟན་བཅོས་གནས་རིམ་དང་པོའི་ཕྱག་འཁྱེར་ཐོབ།

ཕྱི་ལོ་ ༢༠༠༧ ལོར་༸སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་ལས་ལམ་འབྲས་ཚོགས་བཤད་ཀྱི་བཀའ་ཆོས་ཐོབ།   ཕྱི་ལོ་ ༢༠༠༨ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ལས་ལམ་འབྲས་སློབ་བཤད་ཀྱི་གསུང་ཆོས་ཞུས།   དེའི་སྐབས་ལ་༸ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་སོགས་ལས་ཟབ་ཆོས་མང་པོ་ཐོབ།  དེ་བཞིན་དུ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས་གདམས་ངག་མཛོད་སོགས་ཟབ་ཆོས་གང་མང་ཞུས་པའི་སྐལ་བ་ཐོབ།   ཕྱི་ལོ་ ༢༠༡༢ལོ་ནས་འཛིན་གྲྭ་མ་ཐོན་བར་འཛིན་གྲྭའི་རྒན་བདག་བྱས་པ་དང་།  ཤེར་ཕྱིན་འཛིན་གྲྭ་ནས་སློབ་མཐའ་མ་ཕྱིན་བར་དུ་འཛིན་གྲྭའི་ནང་ལ་རྒྱུགས་སྤྲོད་ཨང་དང་པོ་རྐྱང་ཐོབ་ཡོད།

ཕྱི་ལོ་ ༢༠༡༧ལོར་མ་ཡུལ་ཆོས་གྲྭ་ཆེན་མོ་ལ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་ཐོས་བསམ་བྱས་་མཐར་ཕྱི་ལོ་ ༢༠༡༧ ལོའི་ལོ་སྟོད་ཟབ་ཏིག་སྒྲོལ་ཆོག་འབུམ་ཚོགས་སྐབས་སུ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སློབ་དཔོན་གྱི་ཕྱག་འཁྱེར་གནང།

ཕྱི་ལོ་༢༠༡༧ལོར་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྐྱོར་དཔོན་མིང་ཐོག་ནས་བལ་ཡུལ་སྤོག་ར་པད་མ་ཚལ་གཙུག་ལག་སློབ་གཉེར་ཁང་དུ་ལོ་གཅིག་གི་རིང་ལ་དཔེ་ཁྲིད་དགེ་རྒན་དུ་བསྐོ་མངགས་གནང་།

ཕྱི་ལོ་༢༠༡༨ལོར་སླར་མ་ཡུམ་ཆོས་གྲྭ་རུ་དབུ་མ་ལོ་རིམ་གཉིས་པར་སྐྱོར་ཁྲིད་བྱས། ཕྱི་ལོ་༢༠༡༩ལོར་བཤད་གྲྭའི་འཛིན་སྐྱོང་མང་མོས་ཀྱི་ཐོག་ནས་དགེ་རྒན་གྱི་མཚན་གནས་གནང་སྟེ་ད་ལྟའི་ཆར་དགེ་རྒན་གྱི་ཕྱག་ལས་བྱེད་བཞིན་པའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *