༈ དཀོན་མཆོག་བསམ་གཏན།

དཀོན་མཆོག་བསམ་གཏན།

བོད་བསིལ་ལྗོངས་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་ཨ་འགེའི་རིགས་སུ་འཁྲུངས། བཤེས་གཉེན་དམ་པ་འགྲོ་འདུལ་ཉི་མའི་མདུན་ནས་འབྲི་ཀློག་བསླབས། གཞན་ཡང་གསོ་བ་རིག་པའི་མཁས་དབང་ཀུན་དགའ་ཚེ་དབང་མཆོག་དང་། ༸མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བརྡ་དག་སྙན་གསུམ་དང་གསོ་བ་རིག་པ་སོགས་དུ་མ་མནོས།

ཕྱི་ལོ་༢༠༠༥ ནས་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་དང་། ཁོང་གི་ཐུགས་སྲས་སྡེ་སྣོད་འཛིན་པ་དག་གི་དྲུང་ནས་སུམ་རྟགས་དག་གསུམ་ནས་གཞུང་ཆེན་བཀའ་པོད་རྣམས་ལ་གསན་སྦྱོང་ཚུལ་བཞིན་མཛད་དེ་ཕྱི་ལོ་ ༢༠༡༣ ལ་དབུ་མའི་ཕྱག་འཁྱེར་བཞེས། ༢༠༡༤ ལོར་བསྟན་བཅོས་འཛིན་རིམ་གྱི་རྒྱུགས་སྤྲོད་གནས་རིམ་དང་པོའི་གྲས་སུ་བསྟན་བཅོས་ཕྱག་འཁྱེར་བཞེས། ཕྱི་ལོ་ ༢༠༡༦ ལོར་གཙུག་ལག་བཤད་གྲྭ་འདིའི་ནང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་སྦྱོང་ཚུལ་བཞིན་མཛད་དེ་སློབ་དཔོན་འཛིན་རིམ་གྱི་རྒྱུགས་སྤྲོད་གནས་རིམ་དང་པོ་ལེགས་ཐོན་ཟིན་པའི་སློབ་དཔོན་གྱི་ཕྱག་འཁྱེར་ ༢༠༡༧ ལོར་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་ནས་གནང་།

བཤད་གྲྭར་ཐོས་བསམ་བྱེད་བཞིན་པའི་དུས་དེ་དག་ཏུ་ཡང་འཛིན་གྲྭའི་ནང་ནས་རྒྱུགས་སྤྲོད་ཨང་དང་པོ་དང་གཉིས་པ་བཅས་ཀྱི་བྱ་དགའ་དང་། ཕྱི་ལོ་ ༢༠༡༤ ནས་ད་བར་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གི་ཚོགས་མིའི་ཕྱག་ལས་གནང། ཕྱི་ལོ་ ༢༠༡༦ ལོར་འཛིན་སྐྱོང་ལྷན་ཚོགས་ཀྱིས་བུམ་མང་བྱམས་པ་གླིང་དུ་ལོ་གཅིག་རིང་དཔེ་ཁྲིད་དགེ་རྒན་དུ་མངགས། ཕྱི་ལོ་ ༢༠༡༧ ལོར་སྐྱོར་དཔོན་དུ་བསྐོས་པ་བཞིན་ད་ལྟ་བཤད་གྲྭ་འདི་ཉིད་དུ་འཆད་ཁྲིད་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *