༈ མཁན་པོ་ཀུན་བཟང་མཆོག་གིས་བརྩམས་པའི་ «ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་» ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་པ།

མཛད་སྒོའི་ཡུལ་དངོས།

༄༅། །དེ་རིང་སྤྱི་ལོ་ ༢༠༢༡ ཟླ་བ་ ༧ པའི་ཚེས་ ༦ ཉིན་རང་ཅག་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོའི་འགྲོ་བའི་དོན་དུ་སྐུ་ཡི་མཚན་དཔེ་གསར་དུ་བཞད་པའི་ཉིན་མོ་དང་སྟབས་བསྟུན་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ཀུན་བཟང་མཆོག་ནས་བརྩམས་པའི་ «ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་» གི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་ཡོད།

༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་དཔེ་དེབ་དབུ་འབྱེད་གནང་པ།

མཛད་སྒོའི་ཐོག་༸དཔལ་ས་སྐྱའི་༸འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང། བཤད་གྲྭའི་མཁན་ཆེན་རིན་ཆེན་མཆོག མཁན་ཆེན་བསམ་གྲུབ་མཆོག ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་དབུས་པའི་བཤད་གྲྭའི་མཁན་པོ་དགེ་རྒན་རྣམ་པ། བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་དབུས་པའི་མཐོ་རིམ་རིག་གནས་ཀྱི་དགེ་སློབ་ཡོངས་འཛོམས་པའི་ཐོག ཐོག་མར་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་དཔེ་དེབ་དབུ་འབྱེད་གནང་།

མཁན་ཆེན་ཆོས་དབྱིངས་རྡོ་རྗེ་མཆོག་ནས་གསུང་བཤད་གནང་བཞིན་པ།

དེ་རྗེས། མཁན་ཆེན་ཆོས་དབྱིངས་རྡོ་རྗེ་མཆོག་ནས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་བསྩལ། མཁན་ཆེན་མཆོག་གིས་ཐོག་མར་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་སྔོན་ཐེ་ཝན་དུ་༸གོང་ས་མཆོག་དང་མཇལ་བའི་ཉིན་ཐོ་ཡིག་ཐོག་ཏུབཀོད་གནང་བ་བཀླག་པ་དང་། གཉིས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་བཤད་གྲྭའི་དགེ་སློབ་རྣམ་པར་དཔེ་དེབ་བརྩམ་དགོས་རྒྱུའི་བཀའ་སློབ་ཇི་ལྟར་བསྩལ་ཡོད་མིན། གསུམ་པ་སྐབས་དོན་མཁན་པོ་ཀུན་བཟང་གི་དཔེ་དེབ་དང་འབྲེལ་བའི་མཁན་ཆེན་མཆོག་གི་བལྟ་ཚུལ་བཅས་རིམ་པ་གསུམ་གྱི་ཐོག་ནས་བཀའ་སློབ་བསྩལ་ཡོད་པ་དང་། མཁན་ཆེན་རང་ཉིད་ཀྱང་བསླབ་པ་སློབ་གཉེར་མགོ་བཙུགས་པ་ནས་ད་བར་ཐོས་བསམ་མཛད་པའི་གོ་རྟོགས་ཡིག་ཐོག་ཏུ་དབབ་རྒྱུ་བྱུང་ན་སྙམ་པ་ཡོད་ཀྱང་ད་ལན་མཁན་པོ་ཀུན་བཟང་གིས་དཔེ་དེབ་འདི་མཇལ་བས་མཁན་ཆེན་རང་ཉིད་ཀྱི་ཡི་གེར་ཕབ་ཀྱང་དགོས་པ་མེད་པ་ལྟ་བུ་ཐུགས་ཁ་ཁེངས་པའི་བསྟོད་མངགས་དང་འབྲེལ་བའི་བཀའ་སློབ་གནད་དུ་སྨིན་པ་བསྩལ།

ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་ལགས་ནས་གསུང་བཤད་གནང་བཞིན་པ།

དེའི་རྗེས་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་པ་ཡང་། དཔེ་དེབ་འདི་ཉིད་ཀུན་མཁྱེན་བླ་མའི་དགོངས་པ་གཙོར་བཟུང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཁུངས་གཏུགས། མདོ་དང་བསྟན་བཅོས་ཀྱི་ལུང་རིགས་གསེར་ལྟ་བུ་རྒྱབ་རྟེན་དུ་བྱས་ཏེ་བརྩམས་པའི་དཔེ་དེབ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། ད་ལན་གྱི་དཔེ་དེབ་འདི་ཉིད་བཤད་གྲྭ་གཞུང་གི་ངོས་ནས་དཔར་བ་ལྟ་བུ་ཡིན་སྟབས་མ་འོངས་པར་བཤད་གྲྭའི་དགེ་སློབ་སུ་ཞིག་ཡིན་རུང་། མཐའ་དཔྱོད། ཞིབ་འཇུག་སོགས་ཀྱི་དཔེ་དེབ་བྲིས་པ་འབྱུང་ཚེ་བཤད་གྲྭའི་རྩོམ་སྒྲིག་ཁང་གི་ངོས་ལེན་ཐོབ་པ་བྱུང་ན་བཤད་གྲྭའི་དཔེ་མཛོད་བཀྲ་ཤིས་སྒོ་མང་ནས་གཞུང་གིས་དཔར་རྒྱུ་ཡིན་སྐོར་གསུང་བཤད་བསྩལ་གནང་མཛད། མཇུག་མཐར་ལས་ཐོག་མཁན་པོ་མཆོག་ནས་མཁན་པོ་ཀུན་བཟང་མཆོག་ལ་ཡི་རང་གཟེངས་བསྟོད་ཀྱིས་གསོལ་རས་བསྩལ་བའི་སྒོ་ནས་མཛད་སྒོ་མཇུག་བསྡུས་ཡོད།

ལས་ཐོག་མཁན་པོས་མཁན་པོ་ཀུན་བཟང་མཆོག་ལ་གསོལ་རས་བསྩལ་བ།

དེ་ཡང་། མཁན་པོ་ཀུན་བཟང་མཆོག་གིས་བརྩམས་པའི་ «ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་» ནི་དཔལ་ལྡན་ས་སྐྱ་པའི་ལྟ་བའི་བསྡོམས་ཆེན་པོ་ཞིག་ཡིན་པ་དང་། བརྗོད་བྱ་ཡང་། ཐོག་མར་དང་བ་འདྲེན་ཕྱིར་ལྟ་བའི་བྱུང་བ་བརྗོད་པ་དང་། བར་དུ་ལྟ་བ་རྟོགས་ཕྱིར་ལྟ་བའི་གནད་ལ་དཔྱད་པ་སྟེ་ཡུལ་དང་ཡུལ་ཅན་གྱི་དབུ་མ་ངོས་བཟུང་བའི་སྒོ་ནས་རང་ལུགས་སྤྲོ་བྲལ་ལྟ་བའི་ངོས་འཛིན། ཟུར་རྒྱན་ལྟ་བུར་དགག་པ་གཉིས་ཀྱི་རྣལ་མ་གོ་མིན་སོགས་ཀྱི་མཐའ་དཔྱོད་དང་། ཡང་རྒྱན་གྱི་ཕྲ་ཚོམ་ལྟ་བུར་གཞན་ལུགས་ཀྱིས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་འཁྱོག་པོར་བཀྲལ་བའི་ཀུན་གཞི། རང་རིག ཐ་སྙད་པའི་ཚད་མ་སོགས་ལ་དཔྱད་བརྗོད་ཀྱི་ཕྲ་ཚོམ་ལེགས་པར་བརྒྱན་ཏེ། མཇུག་མཐར་ཐོག་མཐའ་བར་གསུམ་དུ་དགེ་བའི་ཚུལ་དུ་མཐའ་མའི་དགེ་བ་གཞུང་དོན་རྫོགས་པར་བཤད་པས་མཇུག་བསྡུ་བ་བཅས་ཀྱིས་སྒོ་ནས་དཔེ་དེབ་འདི་ཡོངས་སུ་གྲུབ་པར་མཛད་ཡོད།

«ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་།»

«ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་།»

༸འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་དང་རྩོམ་པ་པོ་མཁན་པོ་ཀུན་བཟང་ལགས།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *