༈ ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སྨན་སྦྱིན་ཞུས་པ།

སྤྱི་ལོ་ ༢༠༡༩ ལོའི་ལོ་འཇུག་ནས་བཟུང་སྟེ་ཏོག་དབྱིབས་གཉན་རིམས་ཁྱབ་འགོ་བཙུགས་ཏེ་འཛམ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་ཕྲད་པ་དང། དམིགས་བསལ་ཡུལ་ལུང་མང་པོར་ཏོག་དབྱིམས་རིམས་ནད་ཀྱི་ནད་རླབས་གཉིས་པ་བྱུང་བ་བཞིན། རྒྱ་གར་དུ་ཡང་ནད་རླབས་གཉིས་པ་བྱུང་སྟེ་མི་གྲངས་འབུམ་ཕྲག་མང་པོར་ནད་འབུ་འགོས་ཁྱབ་དང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་ཚབས་ཆེན་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། རིམས་ནད་འགོས་ཁྱབ་བཀག་སྡོམ་གྱི་ལམ་སྟོན་ཁག་ལག་བསྟར་བྱ་དགོས་པ་སྨོས་མེད་ཐོག ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ཁབ་རྒྱག་རྒྱུ་དེ་ནི་ཁ་རྩ་དགོས་བཏུག་དང་དགོས་གལ་ཆེ་ཤོས་ཡིན་ན་ཡང་འགོག་ཁབ་རག་རྒྱུ་དཀའ་ངལ་ཆེ་བའི་དུས་འདིར། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་རིན་པོ་ཆེའི་ཚོགས་པ་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་(Siddharth’s Intent)གཉིས་མཉམ་འབྲེལ་གྱིས་སྦིར་དང་ཅཱོན་ཏ་ར་ས་གནས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་དང། གཞིས་ཆགས་ཁག་གི་མི་མང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་སློབ་ལས་བྱེད་བཅས་རང་ལོ་ ༡༨ ནས་ ༤༤ བར་གྱི་སེར་སྐྱ་མི་མང་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་རག་མེད་རིགས་ཡོངས་ལ་འགོག་ཁབ་སྨན་སྦྱིན་འབུལ་ཆེད་ཀང་ར་རྫོང་ཁོངས་སུ་ཡོད་པའི་རྒྱ་གར་གྱི་སྨན་ཁང་ཆེ་གྲས་ཧྥོར་ཊི་སི་སྨན་ཁང་(Fortis Hospital)ལ་རེ་སྐུལ་ཞུས་ཏེ་འགོག་ཁབ་ཉོ་སྒྲུབ་ཐུབ་པ་བྱུང་བ་མ་ཟད། སྨན་ཁང་དེ་ནས་འགོག་ཁབ་རྒྱག་མཁན་གྱི་སྨན་པའི་ཚོགས་ཆུང་ཞིག་ཀྱང་ཆེད་གཏོང་གིས་སྤྱི་ལོ་ ༢༠༢༡ ཟླ་བ་ ༦ ཚེས་ ༡༡ ཉིན་ལས་རིམ་དེ་ཉིད་འགོ་འཛུགས་ཐུབ་པ་བྱུང།

༸སྐྱབས་རྗེ་འཁོན་གདུང་རྣམ་གཉིས་དབུ་བཞུགས་ཀྱིས་ལས་རིམ་དབུ་འཛུགས་བཞིན་པ།

སྤྱི་ཚེས་ ༡༡ ཉིན་༸སྐྱབས་རྗེ་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཀྱིས་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་རིན་པོ་ཆེ་མཆོག་དང་། གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཚོགས་པའི་རྒྱ་གར་ཡན་ལག་གི་དབུ་འཛིན། དེ་བཞིན་འགོག་ཁབ་སྐྱོན་མཁན་སྨན་པའི་ཚོགས་ཆུང་དང་བཅས་པ་མཉམ་འཛོམས་ཀྱིས་འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་དང་འཕགས་པ་རྗེ་བཙུན་སྒྲོལ་མའི་སྐུ་བསྟོད་གསུངས་ཏེ་འགོག་ཁབ་རྒྱག་པའི་ལས་དོན་དངོས་སུ་དབུ་འཛུགས་ཞུས། སེར་སྐྱ་མི་མང་རྣམས་འགོག་ཁབ་སྐྱོན་རྒྱུའི་ལས་དོན་བདེ་བླག་ངང་འགྲུབ་སླད་ས་གནས་ཀྱི་འབྲེལ་ཡོད་མི་སྣ་རྣམ་པ་དང་གོ་བསྡུར་གྱིས་འགོག་ཁབ་སྐྱོན་ཡུལ་རི་དྭགས་ཚལ་སློབ་གཉེར་ཁང་(Deer Park Institute)དང་སྦིར་སཾ་བྷོ་ཊ་ཉིན་སློབ་གཉིས་ལ་གོ་སྒྲིག་ཞུས་ཏེ། དགོན་སྡེ་ཁག་གི་དགེ་འདུན་པ་དང་ལས་བྱེད་བཅས་པ་རི་དྭགས་ཚལ་དུ་དང།  གཞིས་ཆགས་ཁག་གི་མི་མང་དང་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་རྣམས་སྦིར་ཉིན་སློབ་ཏུ་འགོག་ཁབ་སྐྱོན་ས་གོ་སྒྲིག་ཞུས།

འགོག་ཁབ་སྐྱོན་སའི་ཡུལ་དངོས་སུ་ས་གནས་ཀྱི་ཁོངས་སོ་སོའི་ལས་བྱེད་དང་སྦིར་འཕྲོད་བསྟེན་སྨན་ཁང་གི་རམ་འདེགས་འོག་ཉིན་དང་པོར་འགོག་ཁབ་སྐྱོན་ས་ཁག་གཉིས་ནས་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་དགུ་ལ་འགོག་ཁབ་ཕུལ་ཐུབ་པ་བྱུང་བ་དང། ཉིན་གཉིས་པར་མི་གྲངས་ལྔ་བརྒྱ་བཞི་བཅུ་ཞེ་བཞི་ལ་འགོག་ཁབ་ཕུལ། དེ་བཞིན་ཉིན་གསུམ་པར་མི་གྲངས་སུམ་བརྒྱ་སུམ་ཅུ་སོ་གཉིས་ལ་འགོག་ཁབ་ཕུལ་བ་སྟེ། ཁྱོན་བསྡོམས་སྦིར་དང་ཅཱོན་ཏ་ར་ས་གནས་ཀྱི་རང་ལོ་ ༡༨ ནས་ ༤༤ བར་གྱི་མི་མང་ཆིག་སྟོང་ཆིག་བརྒྱ་ལྷག་ཙམ་ཞིག་དང། དེ་སྔོན་འགོག་ཁབ་རག་མེད་པ་རང་ལོ་ ༤༥ ཡན་མི་གྲངས་བཞི་བཅུ་ཞེ་ལྔ་བཅས་ལ་ཏོག་དབྱིབས་གཉན་རིམས་བཅུ་དགུའི་སྔོན་འགོག་སྨན་ཁབ་ཕུལ་ཐུབ་པ་བྱུང་ཡོད།

འགོག་ཁབ་རྒྱག་བཞིན་པ།

འགོག་ཁབ་ཐེངས་གཉིས་པ་དེ་བཞིན་ཟླ་བ་གསུམ་གྱི་རྗེས་སུ་རྒྱག་དགོས་ཀྱི་ཡོད་པ་བཞིན་རྫོང་སར་བཤད་གྲྭ་དང་རྒྱལ་བུ་དོན་འགྲུབ་ཀྱི་ཚོགས་པ་གཉིས་ཀྱི་ངོས་ནས་མཐུན་འགྱུར་གོ་སྒྲིག་ཆ་ཚང་ཞུ་འཆར་ལགས་ཀྱང། སྦིར་ཅཱོན་ཏ་ར་བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཙོ་སྐུ་ངོ་སྲས་འཆི་མེད་རྡོ་རྗེ་ལགས་ཀྱིས་ཐེངས་འདིར་རྫོང་སར་བཤད་གྲྭ་དང་རྒྱལ་བུ་དོན་འགྲུབ་ཀྱི་དགོངས་པ་གཉིས་མཉམ་འབྲེལ་གྱིས་ས་གནས་སེར་སྐྱ་མི་མང་ཡོངས་ལ་འགོག་ཁབ་དང་པོ་བརྒྱབ་ཐུབ་པ་བྱུང་བར་ལེགས་གསོལ་སྔགས་བརྗོད་དང། འགོག་ཁབ་ཐེངས་གཉིས་པ་དེ་བཞིན་གདན་ས་དཔལ་སྤུངས་ཤེས་རབ་གླིང་ནས་གོ་སྒྲིག་གནང་ཐུབ་ན་ཞེས་དགོངས་འཆར་ཕེབས་པ་བཞིན། གདན་ས་དཔལ་སྤུངས་ཤེས་རབ་གླིང་ནས་དེ་དོན་གོ་སྒྲིག་ཞུ་རྒྱུའི་ཞལ་བཞེས་གནང་སྟེ་འགོག་ཁབ་ཐེངས་གཉིས་པ་དེ་བཞིན་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་གོ་སྒྲིག་ཞུ་རྒྱུར་གཏན་ཁེལ་བྱུང་ཡོད།

འགོག་ཁབ་བཞེས་མཁན་དགེ་འདུན་པ་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།

སྤྱི་ཚེས་ ༡༤ ཉིན་རྒྱབ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་ཡོངས་སུ་བརྒྱབ་ཟིན་མཚམས་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག་དང། སྦིར་ཅཱོན་ཏ་ར་བོད་ཁམས་བཟོ་གཞིས་ཚོགས་པའི་ཚོགས་གཙོ་སྐུ་ངོ་སྲས་འཆི་མེད་རྡོ་རྗེ་ལགས། དེ་བཞིན་རྒྱལ་བུ་དོན་འགྲུབ་ཀྱི་དགོངས་པའི་རྒྱ་གར་ཡན་ལག་གི་དབུ་འཛིན་སྐུ་ཞབས་པྲཤནྟ་ཝརྨ་(Mr. Prashant Varma)བཅས་ཆེད་ཕེབས་ཀྱིས་འགོག་ཁབ་སྐྱོན་མཁན་སྨན་པའི་ཚོགས་ཆུང་དང། སྦིར་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ཀརྨ་ལགས་ཀྱིས་དབུས་པའི་འཕྲོད་ལས། དེ་བཞིན་ཐོ་འགོད་སོགས་ཀྱི་ཕྱག་ལས་གནང་མཁན་ལས་བྱེད་བཅས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཁ་བཏགས་དང་ལེགས་སྐྱེས་ཕུལ་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སྨན་སྦྱིན་ལས་རིམ་དེ་ལེགས་པར་གྲུབ།

འགོག་ཁབ་བཞེས་མཁན་མི་མང་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།

ཐེངས་འདིའི་འགོག་ཁབ་སྨན་སྦྱིན་གྱི་ལས་རིམ་འདིར་འགོག་ཁབ་སྐྱོན་སའི་ས་ཆའི་མཐུན་རྐྱེན་སྦྱོར་མཁན་རི་དྭགས་ཚལ་སློབ་གཉེར་ཁང་(Deer Park Institute)དང་སྦིར་སཾ་བྷོ་ཊའི་ཉིན་སློབ་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་སོ།།

འགོག་ཁབ་བཞེས་མཁན་སློབ་མ་ཁག་ཅིག་བང་སྒྲིག་སྟེ་སྒུག་བཞིན་པ།

 

 

 

༈ འགོག་ཁབ་སྨན་སྦྱིན་གྱི་འབྲེལ་ཡོད་པར་རིས་འགའ།

འབྲེལ་ཡོད་མི་སྣ་རྣམ་པ་དང་འགོག་ཁབ་རྒྱག་མཁན་སྨན་པའི་ཚོགས་ཆུང་། དེ་བཞིན་ལས་བྱེད་བཅས་པའི་མཉམ་སྒྲོན་འདྲ་པར།

འཕྲོད་ལས་པ་རྣམས་ལ་ལེགས་གསོལ་སྩོལ་བཞིན་པ།

འཕྲོད་ལས་པ་རྣམས་ལ་ལེགས་གསོལ་སྩོལ་བཞིན་པ།

འཕྲོད་ལས་པ་རྣམས་ལ་ལེགས་གསོལ་སྩོལ་བཞིན་པ།

འཕྲོད་ལས་པ་རྣམས་ལ་ལེགས་གསོལ་སྩོལ་བཞིན་པ།

འགོག་ཁབ་རྒྱག་སའི་ཡུལ་དངོས།

ཐོ་འགོད་བྱེད་མཁན་ལས་བྱེད་རྣམ་པ།

ཐོ་འགོད་སྒེའུ་ཁུང།

འགོག་ཁབ་བརྒྱབ་ཟིན་པ་རྣམས་ངལ་གསོ་ཁང་དུ་བཞུགས་བཞིན་པ།

 

རྫོང་སར་བཤད་གྲྭའི་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *