༈ དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཞི་རིམ་སློབ་གྲྭ་ཀནིཥྐའི་སྤྱི་ལོ་ ༢༠༢༡ ལོའི་སློབ་དུས་གསར་དུ་དབུ་འཛུགས་ཞུས་པའི་མཛད་སྒོ་ཚོགས་པ།

ཚོགས་མགོན་དུ་ཕེབས་པའི་སྐུ་མགྲོན་རྣམ་པ།

༄༅། །དེ་རིང་སྤྱི་ལོ་ ༢༠༢༡ ཟླ་བ་ ༣ པའི་ཚེས་ ༡༨ ཉིན་མོར་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཞི་རིམ་སློབ་གྲྭ་ཀནིཥྐའི་སྤྱི་ལོ་ ༢༠༢༡ ལོའི་སློབ་དུས་གསར་དུ་དབུ་འཛུགས་ཞུས་པའི་མཛད་སྒོ་ཚོགས་ཡོད།

སྐུ་མགྲོན་གྱི་གཙོ་བོར་ཕེབས་བསུ་ཞུ་བཞིན་པ།

མཛད་སྒོའི་ཐོག་༸དཔལ་ས་སྐྱའི་༸འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་གཙོ་བོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང། བཤད་གྲྭའི་མཁན་ཆེན་རིན་ཆེན་མཆོག མཁན་ཆེན་བསམ་གྲུབ་མཆོག ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་དབུས་པའི་བཤད་གྲྭའི་མཁན་པོ་དགེ་རྒན་རྣམ་པ། བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་གྱི་གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གིས་དབུས་པའི་མཐོ་རིམ་རིག་གནས་ཀྱི་དགེ་རྒན་རྣམ་པ། གཞི་རིམ་སློབ་གྲྭ་ཀནིཥྐའི་སློབ་སྤྱི་བསྟན་འཛིན་དབྱངས་འཛོམས་ཀྱིས་དབུས་པའི་གཞི་རིམ་སློབ་གྲྭའི་དགེ་ལས་རྣམ་པ་བཅས་ཀྱི་དབུས་རྫོང་སར་བཤད་གྲྭའི་གཞི་རིམ་སློབ་གྲྭ་ཀནིཥྐའི་སློབ་མ་ཡོངས་འཛོམས་པའི་ཐོག ཐོག་མར་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་། སློབ་གྲྭའི་ལས་བྱེད་རྣམ་པས་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་སྒྲོན་པ་དང་སློབ་མ་རྣམས་ནས་ཞལ་འདོན་གསུངས་གྲུབ་པ་དང་། སློབ་སྤྱི་བསྟན་འཛིན་དབྱངས་འཛོམས་ལགས་ནས་གསུང་བཤད་གནང་། དེ་ཡང་ཐོག་མར་འཚམས་འདྲི་དང་སྦྲགས་ད་ལོའི་སློབ་དུས་གསར་དུ་ཚུགས་པའི་དུས་ཡུན་འདི་སྔར་དང་མི་འདྲ་བའི་འཕོ་འགྱུར་ཅན་ཞིག་སྟེ་ད་བར་ལོ་ངོ་ལྔ་ཡི་རིང་སྐད་རིགས་བཞི་གཙོ་བོར་བྱས་པའི་སློབ་ཚན་ལས་མེད་ཀྱང་། ད་ལོ་ནས་བཟུང་དེ་ཡི་ཐོག་སློབ་ཚན་ཁག་ཅིག་གསར་དུ་བསྣན་ཡོད་པ། དགེ་རྒན་གྱི་ངོས་ནས་ཀྱང་ཤེས་ཡོན་གྱི་གནས་ཚད་ཤིན་ཏུ་བཟང་བ་གསར་དུ་གདན་དྲངས་ཡོད་པ་དང་། སློབ་སྤྱི་རང་ངོས་ནས་ཀྱང་སློབ་མའི་འདུན་ལམ་ལ་ཕན་པའི་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་ཞུ་གི་ཡོད་པ་བཅས་ཀྱི་གསུང་བཤད་གནང་།

ལས་ཐོག་མཁན་པོས་གསུང་བཤད་གནང་བཞིན་པ།

དེ་མཚམས། བཤད་གྲྭའི་ལས་ཐོག་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་ལགས་ཀྱིས་གསུང་བཤད་གནང་། མཁན་ཆེན་མཆོག་གིས་གཞི་རིམ་སློབ་གྲྭ་འདི་ཉིད་རྫོང་སར་བཤད་གྲྭའི་ཡན་ལག་ཅིག་ཡིན་པ་ལྟར་གཞི་རིམ་སློབ་གྲྭ་གསར་དུ་བཙུགས་པའི་དམིགས་ཡུལ་ཡང་བཤད་གྲྭའི་གྲྭ་རྒྱུན་ལ་དམིགས་པ་ཞིག་ཡིན་སྐོར་དང་། དམིགས་ཡུལ་དེ་འདྲ་ཞིག་ཡིན་ན་ཡང་སློབ་མ་རྣམས་ནས་སློབ་གྲྭ་རིམ་གྱིས་མཐར་སོན་པ་དང་བཤད་གྲྭར་ཞུགས་མིན་དང་རབ་ཏུ་བྱུང་མིན་ཐོག་རང་མོས་ཀྱིས་ཐག་གཅོད་བྱེད་ཆོག་གི་ཡོད་པ་འདི་ཉིད་དམིགས་སུ་བཀར་ཏེ་ཀུན་ལ་གསལ་བཤད་མཛད་པ་ཡིན་ཞེས་དང་། བཤད་གྲྭ་འདིར་ཞུགས་པའི་སློབ་མ་སུ་ཡིན་རུང་དཔེ་ཆ་སློབ་གཉེར་གཙོ་བོ་དང་གཞན་ཡན་ལག་ཡིན་པ་དེ་ཤེས་དགོས་ཤིང་། གཞི་རིམ་སློབ་གྲྭ་འདི་ཉིད་དུ་སློབ་འཁྲིད་གནང་བའི་དགེ་རྒན་གསར་རྙིང་ཀུན་ལ། སློབ་མ་རྣམས་ཀྱི་ཚེ་འདི་ཙམ་མིན་པར་སྐྱེ་བ་འདི་ཕྱི་ཀུན་ལ་ཕན་པའི་སློབ་གསོ་གནང་དགོས་པ་གལ་ཆེ་ཞིང་། མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བཟོ་ཐུབ་པ་དེ་ཁོང་གི་རེ་བསྐུལ་ཡིན་པའི་སྐོར་སོགས་གསུང་བཤད་གནང་།

སྐུ་མགྲོན་གྱི་གཙོ་བོ་མཆོག་ནས་སློབ་མ་རྣམས་ལ་གསོལ་རས་བསྩལ་བ།

དེ་རྗེས་སློབ་མ་ཁག་ཅིག་ནས་གཏམ་བཤད་དང་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གྱི་གཟིགས་འབུལ་ཞུས་ཤིང་། སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་མ་རྣམས་ལ་སྤྱི་ལོ་ ༢༠༢༠ ལོའི་ཡིག་རྒྱུགས་ཀྱི་གསོལ་རས་བསྩལ་བ་དང་སློབ་གྲྭའི་དགེ་ལས་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་བསྒྲོན།

༸འཁོན་གདུང་ཤཀྱཱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་གསུང་བཤད་གནང་བཞིན་པ།

དེ་རྗེས་སྐུ་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ནས་སྤྱིར་དེ་རིང་གི་སྐུ་མགྲོན་གྱི་གཙོ་བོར་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་ཞུས་མོད་ཀྱང་བསྙེན་མཚམས་ལ་བཞུགས་ཡོད་རྐྱེན་ཕེབས་མ་ཐུབ་སྟབས་ཁོང་ལ་ཕེབས་དགོས་པའི་བཀའ་ཕེབས་པ་ལྟར་ཞལ་བཞེས་མཛད་དེ་ཕེབས་པ་ཡིན་གསུངས་ཏེ་གསུང་བཤད་ཀྱི་དབུ་འཛུགས་མཛད་ཅིང་། རིན་པོ་ཆེ་མཆོག་གིས་དེ་རིང་སློབ་དུས་གསར་དུ་ཚུགས་པའི་མཛད་སྒོ་དང་བསྟུན་ཏེ་སྤྱིར་དགེ་ལས་ཀུན་དང་ལྷག་པར་དུ་གསར་དུ་ཕེབས་པའི་དགེ་རྒན་རྣམ་པར། ཁོང་ཉིད་ཀྱང་སློབ་མ་ཞིག་ཡིན་པའི་ཐུགས་ཚོར་གྱི་ངོས་ནས་སློབ་གཉེར་གྱི་ཁོར་ཡུག་ཤིན་ཏུ་གལ་ཆེ་བར་གཟིགས་ཀྱི་ཡོད་པ་དང་། སློབ་མ་རྣམས་ཀྱི་མདུན་ལམ་ལ་ཕན་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་རྒྱུ་གལ་ཆེན་ཡིན་ཞིང་། དགེ་རྒན་ཚོས་སློབ་མ་རྣམས་ལ་ཕ་མ་ཞིག་གི་བྱམས་སྐྱོང་ཇི་ལྟ་བ་བཞིན་གནང་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་ལམ་སྟོན་ཟབ་མོ་དཀའ་དྲིན་བསྩལ།

ལས་དགེ་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་བསྒྲོན་པ།

མཇུག་མཐར་མཛད་སྒོའི་གཙོ་སྐྱོང་བ་བོད་དགེ་བསྟན་འཛིན་ཕྲིན་ལས་ལགས་ཀྱིས་མཛད་སྒོ་མཇུག་བསྡུ་དང་སྦྲགས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་ནས་དེ་རིང་གི་སློབ་དུས་གསར་དུ་དབུ་ཚུགས་པའི་མཛད་རིམ་མཇུག་ཡོངས་སུ་བསྡུས་སོང་བ་བཅས་སོ།།

མཛད་སྒོའི་ཡུལ་དངོས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *