༈ ༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཁྲོམ་རའི་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་བསྩལ་པའི་བཀའ་སློབ།

༄༅། །ཉེ་ཆར་ཐེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཚོང་དོན་རིག་པའམ་ཁྲོམ་རའི་རིག་པའི་ཟབ་སྦྱོང་ཚོགས་སྐབས་སུ། སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་གཙོ་བོར་གདན་དྲངས་ཤིང་ཇི་ལྟར་གསོལ་བ་བཏབ་པའི་ངོར་ཁྲོམ་འི་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་སྩལ་པའི་བཀའ་སློབ། 

ཟབ་སྦྱོང་ཚོགས་སའི་ཡུལ་དངོས།

དྲྭ་རྒྱ་བརྒྱུད་ནས་གསན་གཟིགས་མཛད་མཁན་རྣམ་པ་དང་། འདི་ན་མཆིས་པའི་ཕྱག་བྱ་བའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་ཐོག་མར་གུས་ཕྱག་སྔོན་དུ་བཏང་ནས། དེ་རིང་སྐད་ཆ་བཤད་རྒྱུའི་བརྗོད་གཞི་ནི་དབྱིན་ཇིའི་སྐད་ཐོག་ལ་མར་ཀད་ཏྲིང་(Marketing)ཟེར། བོད་སྐད་དུ་གང་འདྲ་ཞིག་ཏུ་བསྒྱུར་དགོས་ཀྱི་ཡོད་མེད་ད་ལྟ་གཏན་ཁེལ་མ་སོང་། ང་ཚོས་འདིའི་སྐོར་ལ་སྐད་ཆ་བཤད་བཞིན་པའི་སྒང་ཡིན། མར་ཀ་ཏྲིང་(Marketing)ཞེས་ཁྲོམ་འི་རིག་པའམ་ཚོང་དོན་རིག་པ་འདིའི་ཟབ་སྦྱོང་འདི་གོ་སྒྲིག་དང་མཐུན་རྐྱེན་སྦྱོར་གནང་མཁན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྷན་ཁང་ལ་ཐོག་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

 

སྤྱིར་བཏང་འདྲ་ཡིན་ན་མར་ཀད་ཏྲིང་(Marketing ཚོང་དོན་རིག་པ་) ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་མཁན་གཙོ་བོ་ནི་ཚོང་པ་རྣམས་རེད། སྔོན་དུ་ཞུ་རྒྱུ་ཞིག་ལ། བརྗོད་གཞི་འདིའི་སྐོར་ལ་ང་ལ་རྒྱུས་གཏན་ནས་མེད། ང་རང་ཡང་དེ་རིང་འདིར་སློབ་མ་ཞིག་ཡིན། ཡིན་ནའང་མར་ཀད་ཏྲིང་(Marketingཚོང་དོན་རིག་པ་)འདི་ང་ཚོ་ལའང་དགོས་པ་ཞིག་ནི་ཡིན་ས་རེད་ཅེས་སྔོན་མ་ནས་བསམ་སྡོད་མཁན་ཞིག་ཡིན།

 

དེ་ལ་ཁྲོམ་རའི་རིག་པ་ཞེས་པའི་ཚིག་དང་དོན་གཉིས་ཆར་བེད་སྤྱོད་གཙོ་བོ་ཚོང་པ་ཚོས་གཏོང་གི་ཡོད་ཙང་། དབྱིན་ཇིའི་སྐད་ལ་སེལ་ཞེས་ཁེ་ཚོང་(sale ཁེ་ཚོང་) ཟེར་བའི་སྐད་ཆ་ཞིག་འདུག འདི་ང་ཚོ་ལ་དགོས་ཀྱི་ཡོད་མ་རེད། ཆོས་བཙོང་རྒྱུ་ནི་བསམ་མནོའི་ནང་ལ་ཡོད་མ་རེད་ལ་དེའི་གྲ་སྒྲིག་གང་ཡང་བྱེད་ཀྱི་ཡོད་མ་རེད། ཡིན་ནའང་མར་ཀེ་ཏྲིང་(Marketing ཚོང་དོན་རིག་པ)ཞེས་བོད་སྐད་དུ་ཁྲོམ་རའི་རིག་པ་ཟེར་ན་འགྲིགས་ཀྱི་ཡོད་མིན་འགྲོ་བསམ་གྱི་འདུག། འདིའི་དོན་དག་ངོ་མ་དེ་ཕ་རོལ་པོས་ག་རེ་འདོད་ཀྱི་འདུག ཁོང་ཚོ་ལ་ག་རེ་དགོས་ཀྱི་འདུག་ལྟ་ནས་ཞིབ་འཇུག་བྱེད་པ་ཞིག་རེད། དེས་ན་གོང་དུ་ཞུས་པ་ནང་བཞིན་ཕན་ཐོགས་ན་མ་གཏོགས་གནོད་སྐྱེལ་གྱི་མ་རེད་དྲན་གྱི་ཡོད།

 

འཛམ་བུ་གླིང་འདི་ནས་ཆོས་ལུགས་ཆེ་ཤོས་ནི་ཁ་ཆེ་དང་ཡེ་ཤུ་གཉིས་པོ་རེད། མི་འབོར་ལ་ཆ་བཞག་ན་འབུམ་སྟོང་ཕྲག་མང་པོ་ཡོད་རེད། ཡེ་ཤུའི་རྒྱལ་ཁབ་ཀྱང་མང་པོ་ཡོད་རེད་ལ། ཁ་ཆེའི་རྒྱལ་ཁབ་ཧ་ཅང་མང་པོ་རེད། དེ་འདྲ་ཡིན་དུས་དངོས་གནས་བྱས་ན་ཁོང་ཚོ་ལ་ཁྲོམ་རའི་རིག་པ་ཞེས་པ་འདི་བྱེད་མི་དགོས་པ་ལྟ་བུ་ཞིག་ཡོད་རེད་དེ། ཁོང་ཚོས་ཁྲོམ་རའི་རིག་པ་འདི་བེད་སྤྱོད་ཧ་ཅང་རྒྱ་ཆེན་པོ་གཏོང་གི་འདུག ཁྲོམ་རའི་རིག་པ་འདིའི་སྐོར་ལ་ཆེད་ལས་མཁས་པ་དང་། འདིའི་སྐོར་ལ་ཞིབ་འཇུག་དང་ཉམས་མྱོང་ཡོད་པའི་སྐད་གྲགས་ཆེན་པོ་ཅན་གྱི་མི་སྣ་དེ་འདྲ་ལ་གླ་ཆ་ཆེན་པོ་སྤྲད་ཅིང་ཁོང་ཚོས་བེད་སྤྱོད་ཧ་ཅང་ཆེན་པོ་གཏོང་གི་འདུག།

 

སྟོབས་ཆེན་གྱི་ཆོས་ལུགས་ཁོང་ཚོ་ལ་ཁྲོམ་རའི་རིག་པ་འདི་དགོས་དུས་ང་ཚོ་ལ་ངེས་པར་ཅན་དུ་དགོས་པ་ལྟ་བུ་ཞིག་ཡོད་རེད། འདི་བེད་སྤྱོད་གཏོང་མཁན་དེ་ཆོས་ལུགས་པ་ཙམ་རེད་མི་འདུག དཔེར་ན་ཨ་རི་དང་། ཡོ་རོབ། རྒྱ་ནག་གིས་སྲིད་ཀྱི་དོན་དག་ལའང་ཁྲོམ་རའི་རིག་པ་འདི་གཞན་གྱི་ཡིད་དབང་འགུག་པའི་ཆེད་དང་། གཞན་གྱི་ཡིད་དུ་འོང་བའི་ཐབས་ཤེས་སུ་བེད་སྤྱོད་ཧ་ཅང་ཆེན་པོ་གཏོང་གི་ཡོད་རེད་ལ། རྒྱལ་ཁབ་ཀྱི་འགྲོ་སོང་བརྒྱ་ཆ་མང་ཤོས་ཀྱང་འདིའི་ཐོག་ལ་གཏོང་གི་འདུག

 

 

ཁྲོམ་རའི་རིག་པ་ཞེས་པ་འདི་བེད་སྤྱོད་གཏང་ན་ཁ་ཤས་ཀྱིས་ཆོས་དང་མཐུན་པ་རེད་ཀྱི་ཡོད་ན་མེད་ན་བསམ་མཁན་ཡོད་རྒྱུ་རེད། ང་རང་སྒེར་གྱི་ངོས་ནས་བསམ་བློ་བཏང་ན་ཁྲོམ་རའི་རིག་པ་འདི་བེད་སྤྱོད་གཏང་ན་ཆོས་དང་མི་མཐུན་པ་ཕལ་ཆེར་ཡོང་ས་མ་རེད་དྲན་གྱི་འདུག། ནམ་རྒྱུན་ཆོས་སློབ་སྦྱོང་བྱེད་དུས་བཤད་སྲོལ་ཞིག་ཡོད་རེད། སངས་རྒྱས་ཀྱིས་མཁྱེན་པ་རྒྱུ་མཚན་དུ་བྱས་ནས་ཆོས་བཤད་ཀྱི་མ་རེད། སྙིང་རྗེ་རྒྱུ་མཚན་དུ་བྱས་ནས་ཆོས་བཤད་ཀྱི་ཡོད་རེད་ཟེར། ང་རང་ཚོས་དེ་རྟག་པར་བཤད་བསྡད་ཀྱི་ཡོད་རེད།

 

 

མཚམས་མཚམས་སངས་རྒྱས་ཀྱིས་ལས་རྒྱུ་འབྲས་ཀྱི་ཆོས་བཤད་པའི་སྐབས་སུ། ལས་གསོག་མཁན་ཞིག་ཀྱང་ཡོད་པ་ནང་བཞིན། ལས་ཟ་བ་པོ་ཟེར་ལས་ཀྱི་རྣམ་སྨིན་མྱོང་བ་པོ་ཞིག་ཡོད་པ་ནང་བཞིན་གསུང་གི་ཡོད་རེད། མཚམས་མཚམས་སུ་སངས་རྒྱས་ཀྱིས་བདག་ཀྱང་མེད། ཕུང་པོ་མེད། མྱ་ངན་ལས་འདས་པ་ཡང་མེད། མྱ་ངན་ལས་འདས་པ་ལས་གཞན་པའི་ཆོས་ཞིག་ཡོད་ནའང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ་ཞེས་དེ་འདྲ་གསུངས་འདུག དེ་ག་ནང་བཞིན་ང་ཚོ་ཐམས་ཅད་ཀྱིས་མཁྱེན་གྱི་རེད། དཔེ་ཆ་སློབ་སྦྱོང་བྱེད་དུས་སྐབས་སུ་དཔེ་ཆའི་ནང་ལ་དྲང་དོན་དང་ངེས་དོན་ཞེས་རྟག་པར་སླེབས་བསྡད་ཀྱི་ཡོད་རེད། སངས་རྒྱས་ཀྱི་བཟོ་ལྟ་རྣམ་པ་ལྟ་བུར་བལྟས་བཞག་ན། སྤྲུལ་འི་སྐུའི་སྐབས་སུ་ཕྱག་ན་ལྷུང་བཟེད་སྟོང་པ་ཞིག་བསྣམས། ཞབས་ལ་ཕྱགས་ལྷམ་ཞིག་ཀྱང་མ་གྱོན་ནས་མ་གྷ་དྷའི་གྲོང་ཁྱེར་དུ། ལྷུང་བཟེད་ཟེད་ཅིང་བསོད་སྙོམས་རྒྱུ་བཞིན་ཡོད་རེད་ཅེས་ཐོས་རྒྱུ་ཡོད་རེད་ལ་དཔེ་ཆའི་ནང་ལ་བཀླག་རྒྱུ་ཡོད་རེད། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་སྐོར་བཤད་པའི་སྐབས་སུ་དཔེ་མི་སྲིད་པའི་རྒྱུ་ཕྱུག་པོ་རེད། སྙན་ལ་སྙན་རྒྱན། མགུལ་ན་མགུལ་རྒྱན་སོགས་ཧ་ཅང་གིས་གོང་ཆེན་པོ་དེ་འདྲ་མང་པོ་བཞེས་ཤིང་བསྣམས་ཡོད་རེད། དེ་ནས་སྔགས་ཀྱི་སྐབས་འདྲ་ཡིན་ན་དེ་ལས་ཀྱང་ལྷག་པར་དཔེར་ན་ཧེ་རུ་ཀ་ཡི་བརྟུལ་ཞུགས་ཟེར་བའི་སྐད་ཆ་དེ་འདྲ་བཤད་རྒྱུ་འདུག། འདི་ཚོ་ཕྱོགས་གཅིག་ནས་བཤད་བཞག་པ་ཡིན་ན་ཁྲོམ་རའི་རིག་པ་རེད་བསྡད་ཡོད་རེད།

 

 

སྤྱིར་བཏང་མི་ཡིས་འདོད་རྒྱུ་ཞིག་དང་། མི་ལ་དགོས་རྒྱུ་ཞིག་བཅས་གཉིས་འདུག། མི་ཡིས་འདོད་རྒྱུ་ཟེར་དུས། དཔེར་ན་རྡོ་རྗེ་ཕ་ལམ་གྱི་སོར་གདུབ་ལྟ་བུ་ཞིག་ལ་མཚོན་ན། མི་མང་ཆེ་བས་ཕ་ལམ་གྱི་སོར་གདུབ་ཡོད་པར་འདོད་ཀྱི་རེད། ཡིན་ནའང་ཡོད་པར་འདོད་སྡོད་ཀྱི་རེད་མ་གཏོགས། ཕ་ལམ་གྱི་སོར་གདུབ་དེ་མི་ལ་དགོས་ངེས་ཅན་ཡིན་པ་དེ་འདྲ་ཞིག་མ་རེད། རྡོ་རྗེ་ཕ་ལམ་གྱི་སོར་གདུབ་གྱོན་རྒྱུ་མེད་ནའང་ཐབས་ཆག་གི་མ་རེད་ལ་འགྲིག་ཀྱི་ཡོད་རེད། མི་ལ་དགོས་ངེས་ཅན་དེ་ཟ་རྒྱུ་དང་འཐུང་རྒྱུ་དེ་དག་རེད། དེས་ན་མི་དང་མཉམ་དུ་འབྲེལ་བ་བྱེད་དུས་སྐབས་སུ། དང་པོ་མི་ཡིས་འདོད་པ་གང་ཡིན་པ་དེ་ཕར་བཤད། དེ་ནས་ཁོང་ཚོར་དགོས་པ་དེ་ཁོང་ཚོས་ཧ་མ་གོ་བའི་རྒྱུ་མཚན་གྱིས་ག་ལེར་ག་ལེར་ཁོང་ཚོའི་ཀླད་པའི་ནང་ལ་བཙུད་པར་བྱ་རྒྱུ་འདི་ལ་ཁྲོམ་རའི་རིག་པ་ཟེར་ཡིན་ས་རེད། 

 

 

ཁྱེད་རྣམ་པ་གསན་མཁན་ཚོས་གསན་སྟངས་ནོར་རྒྱུ་མེད། འདིར་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་། ལྷག་པར་ལྟ་བ་ལ་བསྒྱུར་བཅོས་གཏོང་དགོས་འདུག་ཅེས་ལབ་ཀྱི་འདུག་སྙམ་ན་དེ་འདྲ་གཏན་ནས་བཤད་ཀྱི་ཡོད་མ་རེད། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་། བདེན་པ་བཞི་དེ་ཚོ་ལ་བསྒྱུར་བཅོས་གཏོང་དགོས་པ་ཡོད་མ་རེད་ལ། གཏོང་ཐུབ་པ་ཞིག་གཏན་ནས་མ་རེད། ག་རེ་བཤད་ཀྱི་ཡོད་རེད་ཅེ་ན། ལྟ་བ་དེ་གདུལ་བྱ་རྣམས་ལ་བཤད་སྟངས་གང་འདྲ་བྱས་ནས་བཤད་དགོས་ཀྱི་ཡོད་མེད། བཤད་པའི་སྐབས་སུ་ཚིག་དང་ཐ་སྙད་གང་འདྲ་ཞིག་བེད་སྤྱོད་གཏོང་དགོས་ས་རེད། དཔེ་གང་འདྲ་ཞིག་བཞག་དགོས་ས་རེད། ཆོས་བཤད་དུས་མ་མཐའ་ནས་ཆོས་བཤད་མཁན་ལ་བཞུགས་ཁྲི་རྒྱག་དགོས་ས་འདུག་གམ་མི་འདུག། ཐང་ག་ཟེར་བ་དེ་ཚོ་བཤམ་དགོས་ས་རེད་དམ་མ་རེད། རྒྱ་གླིང་དེ་ཚོ་འབུད་དགོས་ས་རེད་དམ་མ་རེད་དེ་ཚོའི་སྐོར་ལ་ང་ཚོས་བསམ་བློ་གཏོང་རན་འདུག་ཟེར་བཤད་ཀྱི་ཡོད་རེད། 

 

 

དེ་ནས་འཛམ་བུ་གླིང་འདི་ན་ནང་པའི་མི་འབོར་དེ་ལ་ས་ཡ་བཞི་བརྒྱ་ལྷག་ཙམ་ཞིག་ཡོད་རེད་ཟེར་གྱི་ཡོད་རེད་ལ། གྲངས་འབོར་དེ་མར་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་རེད། ཁ་ཆེ་དང་ཡེ་ཤུ་དེ་ཚོ་ནི་ལོ་རེ་བཞིན་ཡར་ལྡབ་འགྱུར་གྱིས་མང་ནས་མང་དུ་འགྲོ་བཞིན་ཡོད་པ་རེད། འདི་ལ་རྒྱུ་མཚན་མང་པོ་ཡོད་ས་འདུག། དཔེར་ན་ཨ་ཕྷི་གྷ་ནེ་སི་ཏན་དང་ཨིཎྜི་ནི་ཤའི་ཡ་འདྲ་ཡིན་ན་ཁ་ཆེ་བ་རྣམས་སླེབས་ནས་བཙན་དབང་གིས་ནང་པའི་རྒྱལ་ཁབ་ཡིན་བཞིན་དུ་ཁ་ཆེ་ལ་བསྒྱུར་ཡོད་རེད། ཡང་ཀོ་རི་ཡ་དང་ཉི་ཧོང་ལྟ་བུ་ཡིན་ན་བཙན་དབང་བྱས་ནས་ནང་ཆོས་མེད་པ་བཟོས་བཞག་པའི་ལོ་རྒྱུས་ཡོད་མ་རེད་དེ། ཡིན་ནའང་ནུབ་ཕྱོགས་པའི་ལྟ་བ་དེ་སླེབས་ཤིང་དེ་ནས་དེ་འདྲ་དེ་འདྲ་བྱས་ནས་ད་ལྟའི་ཆར་ཀོ་རི་ཡ་དང་ཉི་ཧོང་གི་དགོན་པ་མང་ཆེ་བ་སྟོང་པ་རེད། འདིའི་རྒྱུ་མཚན་ངོ་མ་ནི་སེམས་ཅན་ལ་བསོད་ནམས་མེད་པ་ཡིན་ཐག་ཆོད་རེད། འདི་འདྲ་ལ་སྨོན་ལམ་འདྲ་རྒྱག མཆོད་མེ་འདྲ་སྦར། མེ་ཏོག་འདྲ་ཕུལ་བ་སོགས་དེ་འདྲ་བྱེད་པ་ལས་ལྷག་མེད་རེད། དེ་ཡག་ཤོས་རེད། དེའི་སྟེང་དུ་ད་དུང་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བཟོ་དགོས་ཀྱི་ཡོད་དུས། ཁྲོམ་རའི་རིག་པ་དེ་བེད་སྤྱོད་ཅིག་བྱས་བཞག་པ་ཡིན་ན་ཁེ་བཟང་ཞིག་མེད་ནའང་གྱོང་ཡོད་ས་མ་རེད་བསམ་གྱི་ཡོད།

 

 

ད་ལྟ་ང་ཚོའི་ལས་ཀ་ལས་སྟངས་ལ་གཅིག་བལྟས་བཞག་པ་ཡིན་ན། ང་ཚོ་ཚང་མས་སྐྱེ་བ་སྔ་མ་ནས་ལས་འཕྲོ་ཡོད་པའི་སློབ་མ་ཞིག་ལ་སྒུག་ནས་སྡད་ཡོད་པ་ནང་བཞིན་ཡོད་རེད། ཡང་ན་ནི་ངེས་འབྱུང་གིས་ཀུན་ནས་བསླངས་ནས་ཡོང་མཁན་གྱི་གང་ཟག་ཅིག་སྒུག་ནས་སྡད་ཡོད་པའི་བཟོ་བལྟ་ཞིག་མཚམས་མཚམས་ལ་ཡོད་རེད། འདི་འདྲའི་རིགས་དེ་ནི་ང་ཚོ་ཚང་མས་ཤེས་གསལ་བཞིན་དཔེ་མི་སྲིད་པའི་དཀོན་པོ་རེད།

 

 

ཡང་ཕྱོགས་གཅིག་ནས་ང་ཚོའི་གྲས་གཅིག་གིས་དཔེར་ན། འབྲུག་པ་དང་། ཤར་པ་དང་། བོད་པའི་མི་རིགས་དང་པོ་ནས་ནང་པ་ཡིན་དུས་མ་འོངས་པ་ན་ཡོང་རྒྱུའི་ང་ཚོའི་མི་རིགས་དེ་རྣམས་ཀྱང་ནང་པ་རེད་ཤག་ཤག་བྱེད་ནས་སྡོད་ཡོད་རེད། ཡང་གནས་ཚུལ་འདིའང་གང་འདྲ་ཞིག་འབྱུང་ང་ཚོས་གསལ་པོ་ཤེས་ཐུབ་ཀྱི་རེད། དཔེར་ན་ད་ལྟ་རང་མཁན་པོས་གསུངས་པ་ནང་བཞིན་རེད། འབྲུག་པ་དང་། རྟ་མང་། ཤར་པ་སོགས་ཀྱི་མི་རིགས་དེ་ཇེ་ཉུང་ཉུང་འགྲོ་བཞིན་པ་རེད། དེའི་ནང་ནས་ཆོས་དང་ཆོས་མ་ཡིན་པ་གཉིས་ལས་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་དཀོན་དུ་འགྲོ་བཞིན་ཡོད་རེད། གོང་དུ་མཁན་པོས་གསུངས་པ་ནང་བཞིན་དངོས་གནས་དེ་འདྲ་རེད། ལོ་མང་པོའི་སྔོན་ནས་རེད། ཕལ་ཆེར་ལོ་ཉི་ཤུའི་སྔོན་ནས་ངའི་ས་ལ་མི་མང་པོ་ཞིག་ཡོང་སྟེ་འབྲུག་ཏུ་ཡེ་ཤུ་དར་ཡོང་གི་འདུག་ཟེར་གྱི་འདུག། ཡིན་ནའང་དེ་ལ་ཐབས་ཤེས་ངོ་མ་དེ་ཕལ་ཆེར་མ་གཏོང་པ་འདྲ་བོ་ཡོད་རེད། གལ་སྲིད་ཐབས་ཤེས་ཤིག་བཏང་པ་ཡིན་ནའང་ཐབས་ཤེས་གཏོང་རྒྱུ་དེ་ནང་པ་ལ་ཚུར་བཀུག་བྱེད་མ་ཡིན་པར། ཕར་སྐྲོད་བྱེད་ཀྱི་ཐབས་ཤེས་གཏོང་གི་འདུག་བསམ་བསམ་ཡོད་རེད། དེ་ང་རང་གིས་བསམ་ཚུལ་རེད། གལ་སྲིད་ཕར་མ་བསྐྲད་ནའང་། གནས་དབྱུང་མ་གཏོང་ནའང་ང་རང་ཚོའི་བྱེད་སྟངས་དེ་དཔེ་མི་སྲིད་ཉོབ་ཏོ་རེད། ལྷག་པར་གཞོན་སྐྱེས་ཚོ་ལ་ལྟོས་ན་དཔེ་ཉོབ་ཏོ་རེད། ནང་པ་ནང་ལ་ཡར་འགྲོ་བ་ལ་དཀའ་མཚེར་གྱི་སྣང་བ་སྤྲོད་ཀྱི་འདུག དེ་ལྟར་བྱེད་པ་དེ་ངས་འབྲུག་པ་རྐྱང་པ་རེད་བསམ་སོང་སྟེ་རེད་མི་འདུག འབར་མ་དང་། ཤྲི་ལངྐ། རྒྱ་ནག མ་ཟད་ཐེ་ཝན་འདི་ནས་ཡིན་ནའང་དེ་འདྲ་རང་བྱེད་ཀྱི་འདུག

 

 

ངས་འདིའི་འདྲའི་དོན་ལ་བསམ་བློ་གཏོང་དུས། མཚམས་མཚམས་ལ་ང་རང་ཚོའི་བླ་མ་ཁ་ཤས་ཀྱིས་བསམ་བློ་གསར་པ་ཡ་ཡུད་བཏང་ཡོད་པའི་ཁུལ་རེད། གང་ཞིག་བྱེད་ཀྱི་འདུག་བལྟ་འདུག་དུས། དབྱིན་ཇིའི་སྐད་ཅིག་སློབ་ཀྱི་འདུག། དེ་ནས་རྒྱ་སྐད་འདྲ་དང་ཚན་རིག་ཅིག་བསླབ་ནས་ད་བསམ་བློ་གསར་པ་དཔེ་འདྲ་ཞིག་བཏང་ཡོད་མདོག་མདོག་རེད། དངོས་གནས་བྱས་ན་དབྱིན་ཇིའི་སྐད་དེ་ནི་ང་ཚོས་སྤྱི་ལོ་ ༡༧༠༠ དང་ ༡༨༠༠ ཡན་མན་ནས་བསླབ་དགོས་རྒྱུ་ཞིག་ཆགས་བསྡད་ཡོད་རེད། སྤྱི་ལོ་ ༡༧༠༠ དང་ ༡༨༠༠ ཡན་མན་ལ་སླབ་དགོས་རྒྱུ་ཞིག་བསླབས་ཏེ་ང་ཚོ་དུས་ཚོད་དེ་འདྲ་ཞིག་ཕྱིར་ལོག་སྟེ་བསམ་བློ་གསར་པ་དཔེ་འདྲ་ཞིག་བཏང་བཞག་ཡོད་དྲན་ཏེ་ཧ་ལས་ནས་བསྡད་པ་འདྲ་ཞིག་ཡོད། དངོས་གནས་བྱས་ན་ད་ལྟ་སྤྱི་ལོ་ ༢༠༢༠ ཆགས་ཚར་བ་རེད། དེས་ན་སྤྱི་ལོ་ ༢༠༣༠ དང་ ༢༠༥༠ དེ་ཚོ་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་ས་རེད།

 

 

དེ་ནས་འདིའི་སྐོར་ལ་ཁོང་རྣམ་པས་བཤད་རྒྱུ་རེད། ང་ལ་རྒྱུས་ཆེན་པོ་མེད། ཁྲོམ་རའི་རིག་པའི་ཁོར་ཡུག་ལ་ཉམས་ཞིབ་ག་རེ་བྱེད་དགོས་ཀྱི་ཡོད་ས་རེད། ད་ལྟའི་སྐབས་ཀྱི་མི་ཚོ་ལ་ག་རེ་དགོས་ཀྱི་འདུག་དེ་ཚོའི་སྐོར་ལ་ཉམས་ཞིབ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཡིན་པ་འདྲ་འདུག། དཔེར་ན་ཁ་པར་འདི་ལ་དགོས་ངེས་ཅན་དེ་སྐད་ཆ་བཤད་ཐུབ་པ་དེ་རེད། ཡིན་ནའང་དེའི་སྟེང་དུ་པར་ཆས་ཟེར་བ་འདྲ་དང་། ཐོ་དེབ་ཟེར་བ་དེ་ཚོ་ཡོད་པ་བྱེད་ཡོང་དུས་ཡག་ཏུ་འགྲོ་བཞིན་ཡོད་རེད། དེ་ནས་ལོ་རེ་ལོ་རེ་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་འགྱུར་འགྲོ་བཞིན་ཡོད་བརྟེན། ཁྲོམ་རའི་རིག་པ་འདི་ད་ལོ་ཙམ་ཞིག་ལ་བཟོ། སང་ལོ་ཙམ་ཞིག་ལ་བཟོ་བ་དེ་འདྲ་རེད་མི་འདུག དངོས་གནས་བྱས་ན་ལོ་རྟག་པར་བཟོ་དགོས་པ་དེ་འདྲ་ཡིན་ས་རེད། དེ་ལྟར་ཡིན་དུས་ང་ཚོས་ཀྱང་ཆོས་བཤད་པའི་སྐབས་སུ། འཁོར་བ་ལ་སྙིང་པོ་མེད་རབས་དང་། དམྱལ་བ་ཟེར་བའི་དཔེ་མི་སྲིད་པའི་ཞེད་སྣང་ཚ་བོའི་སྐད་ཆ་དེ་ཚོ་བཤད་ན་ཡག་གི་ཡོད་ཡིན་ན་མེད་ཡིན་ན་ཐེ་ཚོམ་ཆགས་བསྡད་ཡོད་རེད། སྤྱིར་ཐར་པའི་ཕན་ཡོན་ཞེས་བཤད་རྒྱུ་ཡོད་རེད་དེ་ཤོད་མཁན་རྣམས་ཀྱིས་ཕན་ཡོན་དེ་འདི་རེད་ཅེས་ཕར་སྟོན་རྒྱུ་མེད་བསྡད་དུས་དཔེ་དཀའ་ལས་ཁག་པོ་རེད།

 

 

དེང་སང་ཆོས་བཤད་སའི་གདུལ་ཞིང་ཡང་སྔོན་མ་དང་མི་འདྲ་བ་ནུབ་ཡོ་རོབ། བྱང་སྡེ་ཨ་མི་རི་ཀ་དེ་ཚོ་ཡང་ཡོད་རེད། ཡོ་རོབ་དང་ཨ་མི་ར་ཀ་དེ་ཚོ་ནས་ཡོང་མཁན་དེ་རྣམས་ནགས་གསེབ་ནས་སླེབས་ཡོང་བ་ལྟ་བུར་གང་ཡང་མི་ཤེས་པའི་ལྐུག་པ་དེ་འདྲ་མ་རེད། ཁོང་ཚོ་ལ་རིག་གཞུང་ཧ་ཅང་མང་པོ་བསམ་གྱིས་མི་ཁྱབ་པ་ཡོད་རེད། ཁོ་རང་ཚོའི་ཆོས་ལུགས་ཡིན་ནའང་གཏིང་ཟབ་མོ་དེ་འདྲ་ཡོད་རེད། དེ་འདྲ་ཡིན་དུས་ཁོང་ཚོ་ལ་སྐད་ཆ་བཤད་སྟངས་ག་འདྲ་བྱས་ནས་བཤད་དགོས་ཀྱི་འདུག་བསམ་བློ་གཏོང་དགོས་ཀྱི་འདུག།

 

 

དཔེར་ན་ངས་ང་ཚོའི་རྫོང་སར་མཁན་པོ་ཞིག་ལ་ཞུས་པ་ཡིན། ཁོང་ལ་དཔེ་ཆ་གང་བཤད་ཀྱི་ཡོད་ཅེས་དྲིས་པས། ཐུབ་པ་དགོངས་གསལ་བཤད་ཀྱི་ཡོད་ཟེར་གྱི་འདུག ངས་ཁོང་ལ་ལབ་པ་ཡིན། དཔལ་ལྡན་ས་སྐྱ་པ་འདྲ་ཞིག་ཡིན་ན་ས་སྐྱ་པཎྜི་ཏ་ཁོང་དཔེ་མི་སྲིད་པ་ཞིག་ཡིན་དྲན་གྱི་ཡོད་རེད། ཡིན་ནའང་ཆོས་བཤད་སའི་ཡུལ་རྒྱ་མི། རྒྱ་རིགས་དང་། ཡོ་རོབ་དེ་ཚོ་ལ་མཚོན་ན་ས་སྐྱ་པཎྜི་ཏ་དེ་ལོ་རྒྱུས་ཅན་གྱི་མི་ཞིག་རེད་མ་གཏོགས་གཞན་གང་ཡང་རེད་ཡོད་མ་རེད། དེ་ག་ནང་བཞིན་ཀློང་ཆེན་པ་དང་། དྭགས་པོ་རིན་པོ་ཆེ་དང་། འབྲུག་པ་པདྨ་དཀར་པོ་དེ་ཚོ་ཐམས་ཅད་གཅིག་པ་རེད།

 

 

དེ་ནི་གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་བླ་མ་ཚོ་རྒྱ་རིགས་ཡོད་སའི་ཡུལ་དུ་ཡོང་ནས་བོད་བརྒྱུད་ནང་བསྟན་བཤད་པའི་སྐབས་སུ། ཐུགས་བསམ་བཞེས་དགོས་པ་ཞིག་གང་ཡོད་རེད་ཅེ་ན། རྒྱ་རིགས་ཁོང་ཚོའི་ནང་ཆོས་དེ་ང་ཚོ་བོད་བརྒྱུད་ནང་བསྟན་ལས་ཀྱང་རྙིང་ཆེ་བ་རེད། ཁོང་ཚོའི་རིག་གཞུང་ནང་དུ་ཏོ་ཅོ་ཟེར་བ་དང་། ཁུང་ཙི་ཞེས་པ་ཕལ་ཆེར་ནང་ཆོས་དང་འདྲ་བོ། དེའི་ནང་ནས་ཕྱག་ཆེན་དང་རྫོགས་ཆེན་དེ་ཚོ་དང་འདྲ་བོ་འདྲ་བོ་མང་པོ་བཤད་རྒྱུ་ཡོད་རེད།

 

 

དེ་ལྟར་ང་ཚོས་ཆོས་བཤད་སའི་གདུལ་ཞིང་དེ་ལ་མི་རིགས་འདྲ་མི་འདྲ་མང་པོ་ཡོད་པར་བརྟེན་ཁོང་ཚོ་ལ་ཁྲོམ་རའི་རིག་པ་བེད་སྤྱོད་གང་འདྲ་བཟོ་དགོས་ཀྱི་ཡོད་མེད་ཞིབ་འཇུག་བྱེད་དགོས་ཀྱི་འདུག། དེ་ལས་ཀྱང་རྙོག་དྲ་ཆེ་བ་ཞིག་ཡོད་རེད། ང་རང་ཚོའི་ཤར་གླིང་ཨེ་ཤ་ཡའི་ན་གཞོན་ཕོ་མོ་ཚོ་ཡིན་རྒྱུ་ནི། ནུབ་ཕྱོགས་ཡོ་རོབ་པ་མ་ཡིན་ཞིང་། ཡིན་རྒྱུ་ནི་ཤར་ཕྱོགས་པ་ཡིན་པ་ཞིག་ལ། ཀླད་པ་ཡོངས་རྫོགས་ནུབ་ཕྱོགས་པ་ཡོ་རོབ་དང་ཨ་མི་རི་ཀའི་ཀླད་པ་ཡིན་བསྡད་པ་ཡོད་རེད། ཁོང་ཚོ་ལ་སྐད་ཆ་བཤད་སྟངས་གང་འདྲ་བྱེད་དགོས་ཀྱི་འདུག ཁོང་ཚོ་ཁྲ་བོ་ཁྲ་རྐྱང་རེད་བསྡད་ཡོད་རེད། བསམ་བློ་ལ་ནུབ་གླིང་པ་ཞིག་ཡིན་བསྡད་པ་ལ། ལུས་པོ་ནི་ཤར་གླིང་པ་ཡིན་བསྡད་པ་དེ་འདྲ་ཡོད་རེད།

 

 

དེ་ནས་ཆོས་ལུགས་དང་མ་འབྲེལ་ཞིང་དེང་སང་སྤྱི་བཏང་གཞོན་སྐྱེས་ཕོ་མོ་རྣམས་ཀྱི་བསམ་བློ་གཏོང་ཚུལ་དང་། ཁོང་ཚོའི་དམིགས་ཡུལ་ཁ་ཁ་རེད། ཁོང་ཚོའི་དམིགས་ཡུལ་གཙོ་བོ་ཁ་ཤས་ནི་རང་རང་སོ་སོའི་ལས་ཀ་དང་ལས་དོན་རེད། དེ་གནད་འགག་ཆེན་པོ་རེདཁོང་ཚོ་ལ་ཐུགས་ཁག་ཡོད་མ་རེད། དེ་ནས་སྒེར་སོ་སོར་རང་དབང་ཟེར་བ་འདྲ་དང་། ཕོ་མོ་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་ཟེར་བ་འདྲ་དང་། ཕོ་དང་ཕོ་མཉམ་དུ་འདུག མོ་དང་མོ་མཉམ་དུ་འདུག་པའི་མཚན་མཐུན་གཉེན་སྒྲིག་ཟེར་རྒྱུ་འདྲ་དང་། གཞན་ཡང་དེང་སང་ཟླ་བ་གཅིག་ལ་ཕོ་ཡིན་ཟེར། དེའི་ཟླ་བ་རྗེས་མ་ལ་མོ་ཡིན་ཟེར་དེ་འདྲའི་བསམ་བློ་གཏོང་མཁན་ཡོད་རེད། འདི་ཚོའི་གྲས་དེ་ལ་ང་རང་ཚོས་ཆོས་བཤད་པའི་སྐབས་སུ། ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་དགོས་རེད་ཟེར་བ་འདྲ་དང་། མཚམས་ལ་སྡོད་དགོས་རེད་ཅེས་དང་། སྔོན་འགྲོ་གཏོང་ཤོག ཤ་མ་ཟ། ཆང་མ་འཐུང་། འཁྲིགས་པ་མ་སྤྱོད་ཅེས་དེ་འདྲ་ལབ་ན་ཁོང་ཚོའི་རྣ་བར་འགྲོ་དཔེ་འདྲ་དཀའ་ལས་ཁག་པོ་རེད། སྤྱིར་བཏང་བཤད་ན་ཕོ་སར་མོ་སར་ལོ་གཞོན་རྣམས་ལ། ས་ལ་སྡོད་ཅེས་ལབ་པ་ལས་ཉན་མི་ཐུབ་པའི་སྐད་ཆ་ཞིག་གོ་རྒྱུ་མེད་རེད། ང་ཚོས་སྒོམ་རྒྱག་དགོས་རེད་ཅེས་ཟེར་དུས་ལམ་སང་ས་ལ་སྡོད་དགོས་པའི་སྐད་ཆ་བཤད་ཀྱི་ཡོད། དེས་ན་དེ་ཚོ་ལ་གང་བྱེད་དགོས་ཀྱི་ཡོད་མེད་ཉམས་ཞིབ་གནང་རྒྱུ་དང་། སྤྱིར་བཏང་བྱས་ན་རྫུ་འཕྲུལ་གྱི་རྐང་པ་དང་། སྟོབས་བཅུ་སོགས་ཀྱི་ཡོན་ཏན་དེ་ཚོ་མེད་དུས་གདུལ་བྱའི་ཁམས་དང་བསམ་པ་མོས་པ་ཟེར་བ་དེ་ཚོ་ཇི་བཞིན་ང་ཚོས་ཧ་གོ་མ་རེད། ཡིན་ནའང་འདིའི་སྐོར་ལ་ཞིབ་འཇུག་ཏན་ཏན་བཟོ་རྒྱུ་ཡོད་རེད།

 

 

དཔེར་ན་ཁོང་ཚོ་ལ་མེད་པ་ང་ཚོ་ལ་ཡོད་པ་གནས་སྐབས་ཁོང་ཚོ་ལ་དགོས་པ་དེ་ག་རེ་འདུག། ཁོང་ཚོ་ལ་ག་རེ་དགོས་ཀྱི་འདུག མཐར་ཐུག་ཁོ་རང་ཚོ་ལ་ག་རེ་དགོས་ཀྱི་འདུག འདིའི་སྐོར་ལ་ང་ཚོའི་བླ་མ་དང་། མཁན་པོ་དང་། རིན་པོ་ཆེའི་གྲས་ཀྱིས་གང་འདྲ་བྱེད་དགོས་མིན་ཉམས་ཞིབ་དགོས་ཀྱི་འདུག དཔེར་ན་ཁོང་ཚོས་བྲིས་པའི་དེབ་བཀླག་རྒྱུ་དང་། ཁོང་ཚོས་བཤད་པའི་སྒྲུང་ཉན། ཁོང་ཚོས་གླུ་མང་པོ་གཏོང་གི་རེད། གླུ་དེ་ཚོའི་ཚིག་ཉན། ཚགས་པར་དེ་ཚོ་ཀློག གཞན་ཡང་དཔེར་ན་དྲྭ་རྒྱའི་ནང་ནས་ཨིན་སི་གི་རམ་(Instagram)ཟེར་བ་དེ་ཚོ་ལ་བལྟ། དེའང་ལོ་བཅུ་བདུན་བཅོ་བརྒྱད་ལོན་པ་དེ་ཚོས་ག་རེ་ལ་ལྟ་བཞིན་འདུག་དེ་ཚོ་ཤེས་ཨེ་ཐུབ་ལྟ་དགོས་རེད། ཡང་ང་རང་ཚོའི་བླ་མ་ཚོས་དེ་ཚོ་རྣམ་གཡེང་གི་རྒྱུ་རེད་གསུང་རྒྱུ་རེད། ཡིན་དང་ཡིན། འདི་ཚོ་རྣམ་གཡེང་གི་རྒྱུ་རེད། མཚམས་ལ་སྡོད་པའི་སྐབས་སུ་ངས་ཁོང་ཚོས་གང་ལྟ་བའི་གློག་བརྙན་དེ་ལྟོས་ཤོག་ཟེར་གྱི་ཡོད་མ་རེད། ཆོས་ཉམས་སུ་ལེན་བཞིན་ལེན་བཞིན་གློག་བརྙན་དེ་ཚོ་ལྟ་ཤོག་ཟེར་གྱི་མེད། ཡིན་ནའང་དམ་པའི་ཆོས་སྤེལ་རྒྱུ་དམིགས་ཡུལ་དུ་བཟུང་ནས་དེ་ཚོའི་གྲས་ལ་ཉམས་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད་ཟེར་གྱི་ཡོད།

 

 

གཞན་གང་ཡང་བྱེད་དགོས་ས་མ་རེད། དེང་སང་གི་ཡེ་ཤུའི་བླ་ཆེན་སྤོབ་དེས་གང་བྱེད་ཀྱི་འདུག་མིག་དཔེར་ལྟོས་དང་ཆོག་ས་རེད། ངས་ནི་དེང་སང་ཡེ་ཤུའི་བླ་ཆེན་སྤོབ་དེས་གང་ལབ་ནའང་ཀློག་གི་ཡོད། ངས་དད་པ་ཡོད་ནས་ཀློག་པ་དེ་འདྲ་ཅི་མིན། ཁོང་གང་ཡིན་འདི་ཡིན་མེད་པའི་མི་གྲུང་པོ་ཞིག་རེད། དཔེར་ན་ཡེ་ཤུའི་ཆོས་ལུགས་ནང་དུ་ཕོ་ཕོ་དང་མཉམ་དུ་སྡོད་པ་དང་། མོ་མོ་དང་མཉམ་དུ་སྡོད་པ་མཐའ་གཅིག་ཏུ་གཞུང་རང་ནས་བཀག་ཡོད་རེད། དེ་བཞིན་དུ་ཡེ་ཤུའི་གཞུང་ལུགས་ནང་ན་མི་མ་ཡིན་པའི་དུད་འགྲོ་ལ་སྲོག་ཡོད་མ་རེད་ཟེར་གྱི་ཡོད་རེད།

 

 

དེ་ནས་རྣམ་པ་ལྷན་རྒྱས་ཀྱིས་མཁྱེན་རྒྱུ་རེད། འཛམ་གླིང་སྤྱི་དང་དེའི་ནང་ནས་ནུབ་ཕྱོགས་པའི་ལུང་པ་ནས་ཁྱི་ལ་དཔེ་མི་སྲིད་པ་དགའ་བོ་བྱེད་ཀྱི་ཡོད་རེད། ཁ་ཤས་ཀྱིས་ཁྱིའི་དོན་དག་ལ་འགྲོ་སོང་དཔེ་མི་སྲིད་པའི་ཕོན་ཆེན་པོ་གཏོང་གི་འདུག། ཁྱི་ཡི་རང་དབང་ཆེད་དུ་ལས་འགུལ་སྤེལ་མཁན་མང་པོ་ཡོད་རེད། ཁྱི་ལ་དགའ་མཁན་འདི་སྟོང་ཕྲག་ཁ་ཤས་ཀྱི་སྐད་ཆ་མ་རེད། ཁྱིར་དགའ་མཁན་དང་ཁྱི་ཡོད་མཁན་དུང་ཕྱུར་མང་པོ་ཡོད་རྒྱུ་རེད། དེ་ནས་ཕོ་དང་ཕོ་མཉམ་དུ་བསྡད། མོ་དང་མོ་མཉམ་དུ་སྡོད་མཁན་ཡང་དུང་ཕྱུར་མང་པོ་ཡོད་རེད། དེ་ཚོའི་གྲས་དེ་ཡེ་ཤུ་དང་རྒྱང་རིང་དུ་འགྲོ་བཞིན་ཡོད་རེད། རྒྱུ་མཚན་གང་རེད་ཅེ་ན་ཁོང་ཚོའི་ལས་ཀ་དེ་ཡེ་ཤུའི་གཞུང་དང་མཐུན་གྱི་ཡོད་མ་རེད། དེ་ཚོའི་གྲས་དེ་ལ་ད་ལྟའི་ཡེ་ཤུའི་བླ་ཆེན་སྤོབ་ཀྱིས་ཡེ་ཤུའི་གཞུང་ངོ་མ་ལ་རྒྱབ་འགལ་མེད་པ། ཁོང་ཚོའི་རྣ་བར་འགྲོ་བའི་སྐད་ཆ་མང་པོ་བཤད་ནས་ཁྱི་ལ་དགའ་མཁན་དང་། མཚན་མཐུན་གཉེན་སྒྲིག་བྱེད་མཁན་མང་པོ་ཞིག་ཡེ་ཤུ་ལ་ཚུར་བསྒྱུར་ཡོད་རེད།

 

 

མཚམས་མཚམས་སུ་ང་ལ་བསམ་བློ་འཁོར་གྱི་འདུག། དེ་གང་རེད་ཅེ་ན་ཆོས་ལུགས་ཤིག་གི་ནང་དུ་ཁ་ཆེ་དང་ཡེ་ཤུ་གཉིས་ལས་ཀླད་པ་རྙིང་ཆེ་བ་ཡོད་རྒྱུ་མ་རེད། ཡིན་ནའང་ཁོང་ཚོའི་ཁྲོམ་རའི་རིག་པ་བྱེད་སྟངས་དེ་ཡག་ཆེ་བའི་རྒྱུ་མཚན་གྱིས། ཁོང་ཚོའི་གྲས་ཀྱི་ཆོས་ལུགས་དེ་དེང་སང་གི་བསམ་བློ་དང་མཐུན་པ་དང་། ཚན་རིག་པ་དང་མཐུན་པ་ཡིན་མདོག་མདོག་ཅིག་ཐོན་གྱི་ཡོད་རེད། ཆོས་ལུགས་ཤིག་གི་ནང་ལ་དངོས་གནས་ཚན་རིག་དང་མཐུན་པ། དེང་སང་གི་བསམ་བློ་དང་མཐུན་པ། ཁོར་ཡུག་དང་མཐུན་པ་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་བཞིན་ཡོད་རྒྱུ་མ་རེད། ཡིན་ནའང་ང་ཚོའི་གྲས་དེ་ཀླད་པ་རྙིང་ཤོས་ཀྱི་གྲས་སུ་ཕར་སླེབས་སྡོད་ཀྱི་ཡོད་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་ཁྲོམ་རའི་རིག་པ་གང་འདྲ་བྱེད་དགོས་ཀྱི་ཡོད་མིན་ཉམས་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད་བསམ་གྱི་འདུག ང་སྔོན་མ་འབྲུག་ལ་ཡོད་དུས་སྐབས་སུ་བུ་མོ་ཞིག་ཡེ་ཤུ་ལ་འགྱུར་གྲབས་བྱེད་སྡོད་པའི་སྐབས་སུ་ང་ལ་ཐུག་སོང་། སྐད་ཆ་བཤད་ཡག་བྱེད་དུས་བུ་མོ་དེ་བུ་མོ་ལ་དགའ་སྡོད་མཁན་ཞིག་རེད་འདུག། མོ་རང་གིས་སྐད་ཆ་དེ་གཞན་ལ་བཤད་མི་ཕོད། རང་གི་ཕ་མ་ལའང་བཤད་མི་ཕོད། རང་གི་བླ་མ་དང་སློབ་དཔོན་དེ་ཚོ་ལ་ག་ན་ག་ན་བཤད་ཕོད། དེ་ལྟར་སྐད་ཆ་བཤད་མི་ཕོད་ནས་བསྡད་འདུག ངས་བུ་མོ་དེ་ལ་དམིགས་སུ་ཀར་ཕར་སྐད་ཆ་བཤད་པ་ཡིན། འབྲུག་ནང་ལ་ཉེ་ཆར་རང་དུ་ངས་བྱས་རྗེས་ཆེ་ཤོས་ཤིག་ལ་འབྲུག་པ་བུ་མོ་ཞིག་ནང་པ་ལ་ཚུར་བཙུད་ཐུབ་པ་དེ་ཡིན། ནང་པའི་ནང་ལ་བཞག་ཡོད་དྲན་ནས་ང་རང་གིས་དགའ་བ་སྒོམ་སྡོད་ཀྱི་ཡོད།

 

 

གནས་ཚུལ་དེ་དག་ནི་ང་ཚོས་དངོས་གནས་ཤེས་དགོས་པ་ཞིག་རེད་འདུག། དེ་ནས་དཔེར་ན་ང་ཚོ་ལ་ཐབས་ཤེས་ཞི་གནས་དང་ལྷག་མཐོང་ཞེས་ཧ་ལས་པ་དེ་འདྲ་ཡོད་རེད། དེ་ཚོ་མང་ཆེ་བ་དེང་སང་དཔེ་གསར་སྟོད་ཐུང་དང་དོར་མ་ཆ་འགྲིག་གྱོན་མཁན་དང་། སྐེ་འཆིང་འདོག་མཁན་རྣམས་ཀྱིས་འཆད་ཀྱི་ཡོད་རེད། ང་ཚོའི་མི་རིགས་རྣམས་ཀྱང་དེ་དག་གི་མདུན་དུ་འགྲོ་བ་དང་། སྟོད་ཐུང་དང་དོར་མ་གོང་ཆེན་གྱོན་མཁན་སྐེ་འཆིང་འདོགས་མཁན་ཁོང་ཚོས་བཤད་པ་དེ་གོ་བདེ་བ་དང་། དེ་དག་ལ་གོ་རྒྱུ་འདུག་ཟེར་གྱི་ཡོད་རེད། དེ་ཚོའི་མཉམ་དུ་འབྲེལ་བ་བྱེད་རྒྱུ་ལ་དཔེ་མི་སྲིད་པའི་དོན་གཉེར་བྱེད་ཀྱི་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ངས་ད་གཟོད་གོང་དུ་ཞུས་པ་ལྟར། ཁྲི་ཆེན་པོ་རྒྱག་རྒྱུ་དེ་ཚོ་གང་འདྲ་ཆགས་ཀྱི་ཡོད་ན་སྙམ་ནས་བསམ་བློ་གཏོང་རན་འདུག། དེ་ཙམ་མ་ཟད་མ་འོངས་པར་བསམ་བློ་ཡུན་རིང་པོ་བཏང་བ་ཡིན་ན། ཚན་རིག་ནི་ཡར་རྒྱས་དཔེ་མི་སྲིད་པ་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག། ད་ལྟ་དཔེར་ན་རྫས་སྦྱོར་སྨན་དེ་འདྲ་ཟོས་ན་ཞི་གནས་དང་ཤིན་སྦྱངས་དེ་རྣམས་ཕལ་ཆེར་ཕལ་ཆེར་སྒྲུབ་ཐུབ་ཀྱི་ཡོད་རེད། ད་ལྟ་རྫས་སྦྱོར་གྱི་སྨན་ཟོས་ཆུ་འཐུང་ནའང་ཆུ་ཚོད་དྲུག་བདུན་རྗེས་སུ་ཡལ་འགྲོ་བ་རེད། དེའང་ཡལ་རྒྱུ་མེད་པ་དཔེར་ན་མི་ཚེ་གཅིག་ལ་སེམས་ལས་སུ་རུང་བ་བཟོ་ཐུབ་པའི་རྫས་སྦྱོར་སྨན་ནུས་པ་ཅན་བཟོ་ཐུབ་པ་ཐག་ཆོད་ས་རེད་བསམ་གྱི་འདུག། འོ་སྐབས་དེ་དུས་ང་ཚོས་ག་རེ་བྱེད་དགོས་ས་རེད། དང་དུ་བླང་ནས་བེད་སྤྱོད་གཏོང་དགོས་རེད་དམ་ག་རེ་བྱེད་དགོས་ས་རེད།

 

 

ང་འདྲ་ཡིན་ན་དེ་ལྟ་བུའི་སྨན་ཞིག་དང་དེ་འདྲའི་རྫས་སྦྱོར་ཞིག་བཟོས་བྱུང་ན་དང་པོའི་གདོང་ནས་འགྲོ་ནས་ཟ་ས་རེད། སེམས་ལས་སུ་རུང་ན་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་བ་ལ་ཕན་གྱི་ཡོད་རེད། དེ་འདྲའི་ཐབས་ཤེས་ཤིག་ཐོན་རོགས་བྱས་ན་ཡག་ཤོས་རེད། དེ་བཟོ་མཁན་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་་རེད་དྲན་ས་རེད། གང་ལྟར་གོང་དུ་ཞུས་པ་ལྟར་ཁྲོམ་རའི་རིག་པ་འདི་ལ་རྒྱུས་མེད། ང་དེ་རིང་འདིར་སློབ་མ་རང་ཡིན། ཡིན་ནའང་ཁྲོམ་རའི་རིག་པ་འདི་དགོས་ངེས་ཅན་ཞིག་རེད་དྲན་གྱི་ཡོད། དེ་ནས་སྐད་ཆ་མང་ཐག་ཆོད་སོང་དགོངས་འགལ་མེད་པར་ཞུ།

 

 

སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ཁྲོམ་རའི་རིག་པའི་ཟབ་སྦྱོང་ཁར་སྩལ་པའི་བཀའ་སློབ་འདི་དེང་དུས་སུ་དམ་ཆོས་འཆད་སྤེལ་བྱེད་སྟངས་ཀྱི་གནད་ཀྱི་ལྡེའུ་མིག་ལྟ་བུ་ཞིག་འདུག་པས་ཕྲན་གཟི་བརྗིད་མཐའ་ཡས་ཀྱིས་སྤྱི་ལོ ༢༠༢༠ ཟླ་བ་ ༡༢ ཚེ་ ༢༩ དང་བོད་ཟླ་ ༡༡ པའི་ཚེས་ ༡༥ ལ་ཕབ་བསྒྲིགས་བྱས་ཤིང་། གནང་བའང་ཐོབ་ཡོད་པར་བརྟེན་སུས་ཕན་ཐོགས་ཅན་དུ་གཟིགས་ཤིང་བརྒྱུད་སྤེལ་མཛད་ནའང་འཐུས་སོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *