༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་དབྱར་གནས་ལེགས་པར་གྲོལ་བ།

དབྱར་དགག་དབྱེའི་མཚན་ཐོག་ཐག་གི་རྣམ་པ།

དམ་ཆོས་འདུལ་བ་བསྟན་པའི་རྩ་བ་ཡིན་གཤིས་མཁན་ཆེན་ཐམས་ཅད་མཁྱེན་པས་དམ་ཆོས་འདུལ་བའི་ཕྱག་ལེན་ལས་བྱུང་བའི་གཞི་གསུམ་གྱི་ཆོ་ག་ལ་དོ་གལ་ཆེན་པོ་མཛད་པ་བཞིན། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གཞི་གསུམ་གྱི་ཕྱག་ལེན་ཆད་མེད་མཛད་དང་མཛད་བཞིན་པ་ལས། ད་ལོའི་དབྱར་གནས་ལེགས་པར་གྲུབ་པའི་དབྱག་དགག་དབྱེར། འདུལ་བ་ལུང་ལས། “དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ཀྱིས་མཚན་མོ་ཐག་ཐག་ཆོས་བཤད་པར་བྱའོ།།” ཞེས་གསུངས་པ་དང་མཐུན་པར། སྤྱི་ལོ་ ༢༠༡༩ ཟླ་བ་ ༠༩ ཚེས་ ༢༧ དང་ ༢༨ གྲོ་བཞིན་ཟླ་བའི་མར་ངོའི་ཚེས་བཅུ་གཉིས་དང་བཅུ་བཞིའི་དགོང་མོར་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་དབུས་པའི་བཤད་གྲའི་སློབ་གཉེར་བ་རྣམས་ཀྱིས་ཆོས་འཆད་པ་དང། བརྒལ་རྟགས་ཀྱིས་རྩོད་པ་དང། སྙན་ངག་གིས་རྩོམ་པ་སྟེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དབྱར་དགག་དབྱེའི་སྔ་ནུབ་མཚན་ཐོག་ཐག་ཆོས་འདུལ་བ་དང་མཐུན་པར་མཛད་ཡོད་པ་དང།

 

གྲོ་བཞིན་ཟླ་བའི་མར་ངོའི་ཚེས་བཅོ་ལྔ་ལ་ཐེ་ཝན་དང་མ་ལེ་ཤི་ཡ། སིངྒ་པུར་བཅས་ནས་བསྟན་པའི་སྦྱིན་བདག་ཁག་ཅིག་ཆེད་ཕེབས་ཀྱིས་དབྱར་གྱི་རྙེད་པ་འགྲེམ་པ་སོགས་དབྱར་དགག་དབྱེའི་ཆོ་ག་སྦྱོར་དངོས་རྗེས་གསུམ་དང་བཅས་ཏེ་ལོ་འདིའི་དབྱར་གནས་མཇུག་ལེགས་པར་གྲུབ།

 

ཁྲུམས་སྟོད་ཟླ་བའི་ཡར་ངོའི་ཚེས་གཅིག་གི་ནངས་མོར་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་དང་བཤད་གྲྭའི་མཁན་ཆེན་རིན་ཆེན་མཆོག་གིས་དབུས་པའི་བཤད་གྲྭའི་འདུས་མང་ཡོངས་ནས། ༸དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་༸སྐྱབས་མགོན་གོང་མ་མཆོག་སྐུ་ཚེ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པའི་ཆེད་དུ་ཚེ་བླ་རྣམ་གསུམ་གྱི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་གསུངས་ཤིང་། ཁྲི་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སྙན་པའི་དབྱངས་རྟ་ལ་འདྲེན་བཞིན་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་འདུས་མང་ཡོངས་ནས་མཇལ་དར་ཕུལ།

 

འཁྲུངས་སྐར་སྲུང་བརྩི་གྲུབ་པ་དང་འདུས་པ་ཡོངས་སྤོས་དང་གདུག་པ། དུང་དང་རྒྱ་གླིང་། རྔ་དང་མཁར་རྔ། སྦུབ་ཆལ་དང་སིལ་སྙན་བཅས་པ་རོལ་མོའི་བྱེ་བྲག་དང། དེ་བཞིན་ས་གནས་གཞིས་ཆགས་མི་མང་ཀྱིས་གསང་དུད་དང་སྤོས་སྣེ། ཁ་བཏགས་དང་དད་ཕྱག་གི་སྔོན་བསུས་ནས་ལྗོངས་རྒྱུར་ཕེབས་ཏེ་ཅོན་ཏ་རའི་ཐང་ཆེན་ལ་བཞུགས་གྲལ་དུ་འཁོད་དེ་རི་བོ་གསང་མཆོད་གསུངས། གསོལ་ཇ་དང་འབྲས་སིལ་འདེབས་འབུལ་ཞུས། ལྗོངས་རྒྱུ་གྲུབ་པ་དང་འདུས་པ་ཡོངས་བཤད་གྲྭར་ཕེབས་ཏེ་དེ་རིང་ནས་ཉིན་བཞི་ལ་དབྱར་དགག་དབྱེའི་ཐུགས་སྤྲོ་གནང་རྒྱུ་དང། དེ་ནས་ཉིན་གསུམ་ལ་དགག་དབྱེའི་གུང་སེང་བཞག་ནས་སྤྱི་ཟླ་བཅུ་པའི་ཚེས་དྲུག་ཉིན་ནས་འཛིན་གྲྭ་ཁག་སྔར་རྒྱུན་བཞིན་འཚོག་གནང་རྒྱུ་ཡིན་པ་རེད།

 

 

འབྲེལ་ཡོད་པར་རིས་འགའ།

༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་ཆོས་བཤད་གནང་བཞིན་པ།

དབྱར་དགག་དབྱེའི་མཚན་ཐོག་ཐག་གི་རྣམ་པ།

དབྱར་དགག་དབྱེའི་མཚན་ཐོག་ཐག་གི་རྣམ་པ།

མཚན་ཐོག་ཐག་ལ་བརྒལ་རྟགས་ཀྱི་ཆོས་རྩོད་གནང་བཞིན་པ།

མཚན་ཐོག་ཐག་ལ་རྩོམ་ཀློག་བཞིན་པ།

༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེས་དབྱར་དགག་དབྱེ་མཛད་བཞིན་པ།

དབྱར་དགག་དབྱེའི་ཆོ་ག་མཛད་བཞིན་པ།

འདུས་པ་ཡོངས་ལྗོངས་རྒྱུར་ཕེབས་པ།

གདུང་སྲས་རིན་པོ་ཆེ་དབུ་བཞུགས་ཀྱིས་ལྗོངས་རྒྱུར་ཕེབས་ནས་རི་བོ་བསང་མཆོད་གསུང་བཞིན་པ།

ལྗོངས་རྒྱུར་ཕེབས་ནས་རི་བོ་བསང་མཆོད་གསུང་བཞིན་པ།

ལྗོངས་རྒྱུར་ཕེབས་ནས་རི་བོ་བསང་མཆོད་གསུང་བཞིན་པ།

༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་དབུས་པའི་མཁན་སྤྲུལ་སྦྱིན་བདག་རྣམ་པ།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *