༈ འཕགས་ཡུལ་རྫོང་སར་བཤད་གྲྭར་དམིགས་བསལ་བགྲོ་གླེང་ཐེངས་དང་པོ་འཚོགས་པ།

འཕགས་ཡུལ་རྫོང་སར་བཤད་གྲྭའི་དམིགས་བསལ་བགྲོ་གླེང་ཐེངས་དང་པོའི་རྣམ་པ།

སྤྱིར་འཕགས་ཡུལ་རྫོང་སར་བཤད་གྲྭའི་ལོ་རེའི་སློབ་མའི་འཆད་རྩོད་རྩོམ་གསུམ་གྱི་བྱེད་སྒོ་སོགས་ལས་འཛིན་རིམ་གོང་འོག་གི་བགྲོ་གླེང་ཟླ་རེ་ལ་ཐེངས་རེ་རྒྱུན་ལྡན་དུ་འཚོགས་བཞིན་ཡོད་མོད། ད་ལོ་ནས་བཟུང་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་དགེ་ཕན་དུ་མ་ལ་དམིགས་ཏེ་དེང་རབས་དང་མཐུན་པར། རྩོམ་ཤོག་སྒྲོག་སྦྱང་གི་བགྲོ་གླེང་ལོ་རེ་ལ་ཐེངས་གཉིས་དང་། ཐེངས་རེར་འཛིན་རིམ་བཞི་ནས་བགྲོ་གླེང་ལ་མཉམ་ཞུགས་བྱེད་པའི་ཐོག་ནས་འཚོག་དགོས་པའི་ཐག་གཅོད་ལྟར། སྤྱི་ལོ་ ༢༠༡༩ ཟླ་བ་ ༩ པའི་ཚེས་ ༢༣ ཉིན་བཤད་གྲྭའི་ཡིག་ཚད་ཚོགས་ཆུང་གི་གོ་སྒྲིག་འོག་དམིགས་བསལ་བགྲོ་གླེང་ཐོག་མ་དེ་ཚོགས་ཡོད།

༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ།

དེ་ཡང་བཤད་གྲྭ་འདིར་འཛིན་རིམ་གོང་འོག་གི་བར་དུ་འཆད་རྩོད་རྩོམ་པའི་འགྲན་བསྡུར་སོགས་བཤད་གྲྭའི་སློབ་མ་རྣམས་ཀྱི་སློབ་གཉེར་ལ་ཕན་དུ་རེ་བའི་བྱེད་སྒོ་གང་མང་ཞིག་གི་ཁྲོད་ནས་བགྲོ་གླེང་གནང་བའི་སྲོལ་ཡང་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱིས་སྔོན་ནས་ཡོད་མོད། རྒྱུན་ལྡན་གྱི་བགྲོ་གླེང་གནང་བའི་ཚུལ་ནི། འཛིན་གྲྭ་འོག་མས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་སྔོན་དུ་འགྲོ་བའི་སྒོ་ནས་བགྲོ་གླེང་གི་དྲི་ཤོག་བཏོན་ཏེ་འཛིན་གྲྭ་གོང་མས་དེ་ལ་ལན་འདེབས་དང་དོགས་དཔྱོད་མཛད། མཐར་དྲི་ཤོག་གི་སྟེང་དུ་ཚིག་དོན་གྱི་ཆ་ལ་ནོར་བ་རྣམས་ལ་འཛིན་རིམ་གོང་མས་སྐྱོན་བརྗོད་དང་། འོག་མས་སྐྱོན་སྤོང་དང་བཅས་ཏེ་མཇུག་བསྡུ་བ་ཡིན།

བགྲོ་གླེང་པས་རྩོམ་ཤོག་སྒྲོག་སྦྱང་གནང་བཞིན་པ།

དམིགས་བསལ་གྱི་བགྲོ་གླེང་འདིར་རྒྱུན་ལྡན་གྱི་བགྲོ་གླེང་དང་མི་མཚུངས་པར། བགྲོ་གླེང་གནང་མཁན་བཞི་ནས་རང་ཉིད་ཀྱིས་སློབ་གཉེར་གནང་བཞིན་པའི་སློབ་ཚན་གྱི་ནང་ནས་བརྗོད་གཞི་གཅིག་གི་ཐོག་ཏུ་མཐའ་ཆོད་པའི་དཔྱད་རྩོམ་བྲིས་ཏེ་བགྲོ་གླེང་གནང་བ་ཡིན། དེ་ཡང་བགྲོ་གླེང་གི་དངོས་གཞིར་གཙོ་སྐྱོང་བ་མཁན་པོ་བཞི་དང་། དཔྱད་རྩོམ་སྒྲོག་སྦྱང་གནང་མཁན་གྱི་བགྲོ་གླེང་བ་བཞི། འཛིན་རིམ་རེ་ནས་རྩོམ་ཤོག་གི་ཐོག་ཏུ་དོགས་འདྲི་དང་བསམ་འཆར་འགོད་མཁན་གྱི་སློབ་མ་གཉིས་རེ་བཅས་ཀྱིས། རྩོམ་ཤོག་སྒྲོག་སྦྱང་སྐར་མ་བཅོ་ལྔ་དང་དྲི་བ་དྲི་ལན་སྐར་མ་བཅུ། གཙོ་སྐྱོང་བས་སྐར་མ་ལྔ་རེར་མཇུག་སྡོམ་དང་འབྲེལ་ཏེ་ལམ་སྟོན་གནང་བ་བཅས་ཀྱི་སྒོ་ནས་བགྲོ་གླེང་འཚོགས་ཀྱི་ཡོད།

དྲི་བ་འདོན་མཁན་རྣམ་པས་དོགས་འདྲི་འགོད་བཞིན་པ།

ཐེངས་འདིར་༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག ལས་ཐོག་མཁན་པོ་བསམ་གྲུབ་དང་། མཁན་པོ་ཚེ་རིང་། མཁན་པོ་འཇམ་དབྱངས་ཆོས་འཕེལ། མཁན་པོ་ཀུན་བཟང་བཅས་ནས་གཙོ་སྐྱོང་གནང་སྟེ། བགྲོ་གླེང་གནང་མཁན། སློབ་དཔོན་ལོ་རིམ་དང་པོ་འཛིན་རིམ་དགུ་པའི་སློབ་མ་ཀུན་བཟང་འཇིགས་མེད་ནས་རྩ་བའི་སློབ་ཚན་དབུ་མ་སྤྱི་དོན་དང་འབྲེལ་ཏེ་ <སྡེ་སྣོད་དང་ལམ་འབྲས་ཀྱི་དབྱེ་བའི་ཐེག་པ་ཆེ་ཆུང་གི་རྣམ་གཞག> ཅེས་པ་དང་།  བསྟན་བཅོས་ལོ་རིམ་མཐའ་མ་འཛིན་རིམ་བརྒྱད་པའི་སློབ་མ་འབྲུག་པདྨ་རྡོ་རྗེས་རྩ་བའི་སློབ་ཚན་སྡོམ་གསུམ་རབ་དབྱེ་དང་འབྲེལ་ཏེ <ཐེག་ཆེན་སེམས་བསྐྱེད།> ཅེས་པ་དང་། དབུ་མ་ལོ་རིམ་མཐའ་མ་འཛིམ་རིམ་ལྔ་པའི་སློབ་མ་ལྷག་པ་བསྟན་འཕེལ་ནས་རྩ་བའི་སློབ་ཚན་མངོན་པ་མཛོད་དང་འབྲེལ་ཏེ་ <སྲིད་པ་བར་མའི་རྣམ་གཞག་ལ་དཔྱད་པ་དོགས་ཕུང་ཀུན་སེལ་མ།> ཞེས་པ་དང་། དེ་བཞིན་དབུ་མ་ལོ་རིམ་བཞི་པ་རྣམ་འགྲེལ་འཛིན་གྲྭའི་སློབ་མ་རཏྣ་མངྒ་ལཾ་ནས་རྩ་བའི་སློབ་ཚན་ཚད་མ་རྣམ་འགྲེལ་དང་འབྲེལ་ཏེ་ <གཞན་སེལ་གྱི་སྐོར་> ཞེས་པའི་མཚན་བྱང་གི་འོག་རྣམ་དཔྱོད་ཀྱི་རྩལ་ལས་ལུང་དང་རིགས་པས་བརྒྱན་པའི་མཐའ་ཆོད་པའི་དཔྱད་རྩོམ་སྒྲོག་སྦྱང་གནང་བ་ལ། དྲི་བ་འདོན་མཁན་རྣམས་ཀྱིས་རྩོམ་ཤོག་རང་དང་འབྲེལ་བའི་ཐོག་ནས་དོགས་འདྲི་བཀོད་དེ་བགྲོ་གླེང་གནད་དུ་ཁེལ་བ་མཛད།

དྲི་བ་འདོན་མཁན་རྣམས་པས་དོགས་འདྲི་འགོད་བཞིན་པ།

གཙོ་སྐྱོང་བ་ལས་ཐོག་མཁན་པོ་བསམ་གྲུབ་དང་མཁན་པོ་ཚེ་རིང་གཉིས་ནས་བགྲོ་གླེང་གི་ངོ་སྤྲོད་དང་འབྲེལ་ཏེ་ལམ་སྟོན་ཟབ་རྒྱས་དང་། མཁན་པོ་འཇམ་དབྱངས་ཆོས་འཕེལ་ནས་བར་དོའི་རྣམ་གཞག་གི་རྩོམ་ཤོག་དང་འབྲེལ་ནས་སྤྱིར་རྩོམ་ཤོག་གང་གི་ཐོག་ཏུའང་ལུང་ཁུངས་རྣམས་འཕགས་བོད་མཁས་པས་གསུངས་པའི་ལེགས་བཤད་ཀྱིས་བརྒྱན་ཐུབ་ན་བཤད་གྲྭ་བའི་གཞུང་ལུགས་ལ་སྦྱངས་པའི་གཟི་བརྗིད་ཡིན་པ་དང་། ཚན་རིག་པའི་བཤད་པ་རྣམས་འདོད་པ་བརྗོད་པ་ཙམ་ལས་སྒྲུབ་བྱེད་དུ་དྲང་ན་སྐབས་དོན་གཞུང་ཆེན་གྱི་བགྲོ་གླེང་ཐོག་ཏུ་དེ་ཙམ་མི་འཚམ་པའི་ཚུལ་དང་། མཁན་པོ་ཀུན་བཟང་ནས་གཞན་སེལ་གྱི་རྩོམ་ཤོག་ཏུ་ལུང་གི་གནད་འཛིན་སྟངས་ལ་བསྔགས་བརྗོད་དང་ལུང་ཁུངས་མ་ནོར་བར་འདྲེན་དགོས་པའི་ལམ་སྟོན། རྣམ་བཤད་རིག་པ་ལས་བྱུང་བ་ལྟར་ནང་ཆོས་དང་འབྲེལ་བའི་རྩོམ་ཤོག་ཆེ་ཆུང་གང་འབྲི་རུང་མདོ་འཆད་ཐབས་ཀྱི་མན་ངག་ལྔ་ཡི་སྒོ་ནས་འབྲི་དགོས་པ་སོགས་གཙོ་སྐྱོང་བ་རྣམས་ནས་བགྲོ་གླེང་ལ་སྟངས་འཛིན་ལེགས་པར་གནང་སྟེ་ཐེངས་འདིའི་བགྲོ་གླེང་ཡོངས་སུ་མཇུག་བསྡུས་པ་ཡིན།

དྲི་བ་འདོན་མཁན་རྣམ་པས་དྲི་བ་འདོན་བཞིན་པ།

གཙོ་སྐྱོང་བས་མཇུག་སྡོམ་གནང་བཞིན་པ།

དམིགས་བསལ་བགྲོ་གླེང་སྐབས་དང་པོའི་རྣམ་པ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *