༈ ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་གནང་བ།

སྤྱི་ལོ་ ༢༠༡༩ ཟླ་བ་ ༦ ཚེས་ ༡༧ བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥ དུས་བཟང་ཁྱད་པར་ཅན་གྱི་ཉིན་༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། རྫོང་སར་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་གནང་།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེས་ནང་ཆོས་ངོ་སྤྲོད་གནང་བཞིན་པ།

ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་བཀའ་མོལ་བྱུང་དོན་བཞིན། རྫོང་སར་བཤད་གྲྭས་སྤྱི་ལོ་ ༢༠༡༨ ལོ་ནས་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུ་བཞིན་པ་ལས། བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་བཀའ་དྲིན་བསྐྱངས་ཏེ། ༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། རྫོང་སར་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ཉེ་འཁོར་གྱི་སློབ་གྲྭ་དང་གཞིས་ཆགས་མི་མང་། དེ་བཞིན་རྫོང་སར་བཤད་གྲྭའི་སློབ་གྲྭ་ཀནིཥྑའི་སློབ་མ་སོགས་སྐྱ་སེར་ཕོ་མོ་ལྔ་བརྒྱ་བརྒལ་བར་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དེ་གནང་ཡོད།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེས་ནང་ཆོས་ངོ་སྤྲོད་གནང་བཞིན་པ།

དེ་ཡང་གདུང་སྲས་རིན་པོ་ཆེས་ཐོག་མར་ནང་ཆོས་ངོ་སྤྲོད་ཀྱི་སྔོན་འགྲོའི་ཚུལ་དུ། ས་ག་ཟླ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་དུས་ཆེན་ཞིག་ཏུ་གྱུར་ཡོད་པ་བཞིན་དབོ་ཟླ་བའི་ཚེས་པ་གཅིག་གམ་གཉིས་སོགས་གང་རུང་ང་རང་ཚོས་མ་འོངས་པར་རང་ཉིད་སངས་རྒྱས་པའི་དུས་ཆེན་ཞིག་ཏུ་བཟོ་བ་ལ་འབད་བརྩོན་བྱེད་དགོས་ཞེས་དང་། དེ་ཡང་མི་ལུས་རིན་པོ་ཆེ་ཐོབ། དམ་པའི་ཆོས་དང་མཇལ། སངས་རྒྱས་ཀྱིས་ཆོས་ཀྱང་གདུལ་བྱའི་བསམ་པ་དང་མཐུན་པར་སྣ་ཚོགས་ཤིག་བསྟན། ང་རང་ཚོ་ལ་ཡང་རང་གི་ཁམས་དང་མོས་པ་དང་བསྟུན་ནས་ཆོས་བསྒྲུབ་རྒྱུ་ཡོད་དུས་གོ་སྐབས་འདི་ཆུད་ཟོས་སུ་མ་སོང་བར་བྱས་ཏེ་ཆོས་བསྒྲུབ་དགོས་ཞེས་བཀའ་བསྩལ། ཆོས་བསྒྲུབ་པ་ལ་བླ་མ་དགོས་དུས་བླ་མ་ལ་མཆོད་པ་འབུལ་བ་དང་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་བ་ནི་གལ་ཆེན་ཞིག་དང་། བླ་མ་སྙན་གྲགས་ཆེན་པོ་མིན་པར་མི་ཕལ་བ་ལྟ་བུ་ཡིན་ན་ཡང་རང་གི་རྩ་བའི་བླ་མ་ཡིན་དུས་སངས་རྒྱས་དང་གཅིག་པར་བལྟ་དགོས་པའི་ཚུལ་དང་། དེ་ནས་རྒྱལ་སྲས་དོན་འགྲུབ་སྡུག་བསྔལ་ལས་ཐར་པའི་ཐབས་བཙལ་བ་ནང་བཞིན་མི་ཚེའི་ནང་གི་སྡུག་བསྔལ་དེ་ཚོ་གང་ནས་བྱུང་བ་སོགས་ལ་དོགས་པ་བྱེད་ཐུབ་པ་དགོས་ལ། ཕྱོགས་གཞན་ནས་ང་རང་ཚོའི་རང་བཞིན་སངས་རྒྱས་ཡིན་པ་དང་། ཉོན་མོངས་པ་ང་རང་ཚོ་ལ་འགོས་པ་ཙམ་ཡིན་པས་དེ་བསལ་རྒྱུ་ཡོད་སྟབས་སངས་རྒྱས་རྒྱུའི་ནུས་པ་ང་རང་ཚོ་ལ་རྟག་ཏུ་ཡོད་པར་གསུངས་ཤིང་། ནུས་པ་དེ་ཆུད་ཟོས་སུ་མ་བཏང་ནས་ས་ག་ཟླ་བ་ནང་བཞིན་མ་འོངས་པར་ང་རང་ཚོ་སངས་རྒྱས་པའི་དུས་ཆེན་གྱི་ཟླ་བ་དང་ཚེས་པ་གང་རུང་ཞིག་བཟོ་བ་ལ་འབད་བརྩོན་བྱེད་དགོས་ཞེས་སོགས་སྔོན་འགྲོའི་ཚུལ་དུ་བཀའ་སློབ་ཟབ་མོ་བསྩལ།

གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ནང་ཆོས་ངོ་སྤྲོད་གནང་བཞིན་པའི་ཡུལ་དངོས།

དེ་ནས་དངོས་གཞིའི་གསུང་ཆོས་ལ་རིན་པོ་ཆེས་རྟེན་འབྲེལ་དེ་གནད་འགག་ཆེན་པོ་ཡིན་སྟབས་དེ་རིང་རྟེན་འབྲེལ་གྱི་སླད་དུ་བདེན་པ་བཞི་ངོ་སྤྲོད་གནང་རྒྱུ་ཡིན་གསུངས་ཤིང། དེ་ཡང་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་ཡུལ་ཝ་ར་ན་སིར་འཁོར་ལྔ་སྡེ་བཟང་པོས་ཐོག་མར་མཇལ་སྐབས་འཁོར་ལྔ་སྡེ་བཟང་པོས་སངས་རྒྱས་ལ་ཁྱེད་ལ་འབྲས་བུ་གང་ཐོབ་བམ་ཞེས་དྲིས་པའི་ལན་གྱི་ཚུལ་དུ་ཐོག་དང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བར་གསུངས་པ་དང། བདེན་བཞིའི་ངོ་སྤྲོད་དུ་དང་པོ་སངས་རྒྱས་ཀྱིས་སྡུག་བསྔལ་ཤེས་པར་བྱ་གསུངས་པ་བཞིན་དུ་སྡུག་བསྔལ་བདེན་པ་དེ་ཤེས་པར་བྱ་རྒྱུ་གལ་ཆེ་བའི་སྐོར་ནས། ནད་པ་ཞིག་ཡིན་ན་ནད་དེ་ངོས་མ་ཟིན་བར་དུ་དེ་བཅོས་པའི་ཐབས་མི་ཤེས་པ་བཞིན་དུ་ལས་དང་ཉོན་མོངས་པས་བསྐྱེད་པའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མཚོན་པའི་ལུས་དང་སེམས་ཀྱི་སྡུག་བསྔལ་ཇི་སྙེད་ཡོད་པ་དེ་དག་ལ་སྡུག་བསྔལ་ཉིད་དུ་ངོས་ཟིན་དགོས་པ། དེ་ཡང་སྡུག་བསྔལ་ངོས་ཟིན་ནས་སྡུག་བསྔལ་དེ་རྣམས་མྱངས་ནས་སྡོད་པ་ལས་ཐབས་མེད་པ་དེ་འདྲ་མ་ཡིན་པར། དེའི་མཇུག་ཏུ་ཀུན་འབྱུང་སྤང་བར་བྱ་ཞེས་སྡུག་བསྔལ་དེ་རྣམས་གང་ལ་བརྟེན་ནས་བྱུང་བའི་རྒྱུ་ཀུན་འབྱུང་ཞེས་པ་ལས་དང་ཉོན་མོངས་པ་རྣམས་སྤང་དགོས་པའི་ཚུལ་གསུངས་པ་སྟེ། དེ་ཡང་ནད་པ་ཞིག་ཡིན་ན་དང་པོ་ནད་དེ་ངོས་བཟུང། དེ་ནས་ནད་དེའི་རྒྱུ་གང་ཡིན་པ་ངོས་བཟུང་སྟེ་དེ་ཉིད་སྤོང་བའི་ཐབས་བསྟེན་དགོས་པ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་དེ་སྤོང་དགོས་པ་མ་གཏོགས། ལུས་དང་སེམས་ལ་སྡུག་བསྔལ་བྱུང་བའི་ཚེ་ཆང་དང་ཨ་རག་ལྟ་བུ་ལ་བརྟེན་པ་དེ་དག་ནད་པ་ཞིག་གིས་ཟུག་གཅོག་གི་སྨན་ཟ་བ་དང་འདྲ་བར་གནས་སྐབས་མངོན་པར་མི་གསལ་བ་བྱས་པ་ཙམ་ལས་སྡུག་བསྔལ་ལས་ཐར་མེད་སྟབས། ཚེ་འདི་དང་ཕྱི་མའི་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་རང་གཅེས་འཛིན་གྱི་བློ་དེ་ཡིན་པ་དང། བློ་དེ་ལ་བརྟེན་ནས་ཆགས་སྡང་ཕྱོགས་རེས་ཀྱི་བློ་སྐྱེ། དེ་ལ་བརྟེན་ནས་སྲོག་གཅོད་པ་དང། རྐུ་བྱེད་པ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ལས་བསགས། ལས་དེའི་འབྲས་བུ་ལུས་དང་སེམས་ཀྱི་སྡུག་བསྔལ་དེ་རྣམས་འབྱུང་གི་ཡོད་པ་ཡིན་སྟབས་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཡིན་པ་དང། ལས་དང་ཉོན་མོངས་པའི་རྩ་བ་རང་གཅེས་འཛིན་གྱི་མ་རིག་པའི་བློ་དེ་ཡིན་སྟབས། ཀུན་འབྱུང་སྤང་བར་བྱ་ཞེས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་གཙོ་བོ་བྱས་པའི་ལས་དང་ཉོན་མོངས་པ་དེ་དག་སྤང་དགོས་པའི་ཚུལ་དང།

བཤད་གྲྭའི་སྒྲོལ་མ་ལྷ་ཁང་དུ་ཀནིཥྐའི་སློབ་མ་རྣམས་ལ་སྐྱབས་འགྲོའི་སྡོམ་པ་སྩོལ་བཞིན་པ།

དེའི་རྗེས་སུ་འགོག་པ་མངོན་དུ་བྱ་ཞེས་གསུངས་པའི་འགོག་པ་དེ་སྡུག་བསྔལ་གྱི་རྒྱུ་སྤངས་པས་སྡུག་བསྔལ་གྱི་རྒྱུན་ཆད། སྡུག་བསྔལ་གྱི་རྒྱུན་ཆད་ནས་ཞི་བ་དང་བདེ་བའི་གོ་འཕང་ཞིག་ལ་འགོག་བདེན་ཞེས་ངོས་འཛིན་དགོས་པར་གསུངས། དེའི་རྗེས་སུ་ལམ་ཉམས་སུ་བླང་བར་བྱ་ཞེས་པ་སྡུག་བསྔལ་གང་ཡིན་པ་ཤེས། སྡུག་བསྔལ་དེའི་རྒྱུ་གང་ཡིན་པ་ཡང་ཤེས། རྒྱུ་དེ་སྤང་ན་སྡུག་བསྔལ་གྱི་རྒྱུན་ཆད་རྒྱུ་ཡིན་པ་ཤེས་ནས་སྡུག་བསྔལ་གྱི་རྒྱུ་དེ་སྤོང་བར་བྱེད་པའི་ཐབས་དམ་པའི་ཆོས་ཉམས་སུ་ལེན་པ་དེ་ཡིན་པ་དང། དེའི་ནང་ནས་ཀྱང་གཙོ་བོར་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་བྱ་རྒྱུ་དེ་ཡིན་པའི་ཚུལ་དང། དེ་ཡང་བདག་ཏུ་འཛིན་པའི་བློ་དེ་ནི་བློ་མ་རིག་པ། བློ་འཁྲུལ་པ་ཞིག་ཡིན་པས་དེའི་ལྡོག་ཕྱོགས་ཀྱི་བློ་མ་འཁྲུལ་བ་བདག་མེད་པར་རྟོགས་པའི་བློ་དེ་རྒྱུད་ལ་སྐྱེ་བར་བྱ་བའི་ཆེད་དུ་བདག་ཅེས་པ་དེ་རིགས་པས་བརྟགས་ཤིང་དཔྱད་པའི་སྒོ་ནས་བདག་མེད་པ་ཤེས་པར་བྱ་དགོས་པ་དང། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གིས་བདག་མེད་རྟོགས་པའི་ལམ་ཉམས་སུ་བླངས་ནས་སངས་རྒྱས། སངས་རྒྱས་ནས་ལམ་དེ་ཉམས་སུ་ལེན་ཚུལ་ང་ཚོ་ལ་བསྟན་ཡོད་པ་ཡིན་སྟབས་དེ་བཞིན་དུ་ཉམས་སུ་ལེན་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་བའི་སྒོ་ནས་བདེན་བཞིའི་ངོ་སྤྲོད་མཛད་པ་དང།

བཤད་གྲྭའི་སྒྲོལ་མ་ལྷ་ཁང་དུ་ཀནིཥྐའི་སློབ་མ་ཁག་ཅིག་ལ་ཆོས་མིང་སྩོལ་བཞིན་པ།

མཇུག་མཐར་དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བྱམས་སྙིང་རྗེ་སོགས་དགེ་སྒྲུབ་སྡིག་སྤོང་གི་ལས་བྱ་ཐུབ་ན་ཚོགས་དང་བསོད་ནམས་གསོག་ཐུབ་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་ཐུབ་ན་རིམ་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་རྒྱུ་ཡིན་པའི་བླང་དོར་ལམ་སྟོན་ཟབ་པར་མཛད་དེ་མཇུག་བསྔོ་བས་བརྒྱན་པའི་སྒོ་ནས་ནང་ཆོས་ངོ་སྤྲོད་ཀྱི་རིམ་པ་ཡོངས་སུ་གྲུབ།

དེའི་རྗེས་སུ་༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེས་བཤད་གྲྭའི་སྒྲོལ་མ་ལྷ་ཁང་དུ་སློབ་གྲྭ་ཀནིཥྐའི་སློབ་མ་ཡོངས་ལ་སྐྱབས་འགྲོའི་སྡོམ་པ་བསྩལ་པ་དང་གསར་དུ་འབྱོར་བའི་སློབ་མ་ཁག་ཅིག་ལ་ཆོས་མིང་བསྩལ་ཡོད།

སློབ་གྲྭ་ཀནིཥྐའི་སློབ་མ་རྣམས།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *