༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་གཞི་རིམ་སློབ་གྲྭ་ཀནིཥྐ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་འགྲུབ་ལགས་ཀྱིས་གནང་བའི་གསུང་བཤད།

བཤད་གྲྭའི་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་ནས་གསུང་བཤད་གནང་བཞིན་པ།

དཔལ་ས་སྐྱའི་གདུང་སྲས་སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང། དཔལ་རྫོང་སར་བཤད་གྲྭའི་མཁན་ཆེན་མཁན་རིན་པོ་ཆེ་རིན་ཆེན་དང་མཁན་རིན་པོ་ཆེ་འཇམ་དབྱངས་བློ་གསལ་རྣམ་གཉིས་ཀྱིས་དབུས་པའི་གཡས་གཡོན་ས་གནས་ཁག་ནས་ཕེབས་པའི་སློབ་གྲྭ་དང་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ། དཔལ་རྫོང་སར་བཤད་གྲྭའི་མཁན་པོ་དགེ་རྒན། སློབ་གྲྭ་ཀ་ནི་ཤི་ཀའི་སློབ་སྤྱི་དང་དགེ་རྒན། སློབ་ཕྲུག་ཡོངས་སུ་རྫོགས་པ་ལ་ངས་མཛའ་བརྩེ་དང་ལྡན་པའི་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དམིགས་བསལ་ཞུ་རྒྱུ་མི་འདུག ཡིན་ན་ཡང་ང་ཚོ་རྫོང་སར་བཤད་གྲྭའི་གཞི་རིམ་སློབ་གྲྭ་འདི་ག་རེ་བྱས་ནས་བཙུགས་པའི་བརྒྱུད་རིམ་རོབ་ཙམ་ཞིག་ཞུ་ན་དྲན་སོང། ཚང་མས་མཁྱེན་གསལ་ལྟར་དེང་སང་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ནང་ལ་སློབ་གྲྭ་ཁག་ལ་ཞུགས་མཁན་གྱི་སློབ་མའི་གྲངས་འབོར་ཉུང་དུ་འགྲོ་བ་དང། སློབ་གྲྭ་ཁ་ཤས་སྒོ་ཡང་བརྒྱག་དགོས་ཐུག་པ་དེའི་འདྲའི་གནས་ཚུལ་ཡང་བྱུང་གི་ཡོད་རེད།

ཡང་ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་བསྟན་པ་དེ་དེང་སང་འཛམ་བུ་གླིང་གི་ཡུལ་གྲུ་ཀུན་ལ་དར་ཁྱབ་འགྲོ་གི་ཡོད་རེད་དེ། ནང་ཆོས་ཀྱི་གནད་འགག་དང་ནང་ཆོས་ཀྱི་གཞི་རྩ་ངོ་མ་དེ་གང་འདྲ་ཡིན་པ་ཧ་གོ་བའི་ཐོག་ནས་ལག་ལེན་བསྟར་ཐུབ་མཁན་ཏོག་ཙམ་དཀོན་པོ་ཆགས་ཡོད་རེད། དེ་འདྲ་ཡིན་དུས་སློབ་གྲྭ་འཛུགས་དགོས་པའི་གླེང་སློང་དང་པོ་དེ་སྤྱི་ལོ་ 2010 ལོར་རྡོ་རྗེ་གདན་དུ་དཔལ་རྫོང་སར་སྨོན་ལམ་འཚོགས་པའི་སྐབས་སུ་བཤད་གྲྭའི་ནང་ལ་བཞུགས་བཞིན་པའི་འཛིན་སྐྱོང་ལྷན་ཚོགས་དང་ཕྱི་ལ་ཕེབས་སོང་བའི་བཤད་གྲྭའི་མཁན་པོ་དགེ་རྒན་ལྷན་རྒྱས་འཛོམས་པའི་སྐབས་སུ། མ་འོངས་པའི་རྫོང་སར་བཤད་གྲྭའི་ཁ་ཕྱོགས་དང་ལས་འཆར་ཇི་དགེའི་སྐོར་ལ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་མཉམ་འཛོམས་ཀྱི་ཐོག་ནས་གྲོས་མོལ་གནང་བའི་སྐབས་སུ་མང་པོ་ཞིག་གིས་གཞི་རིམ་སློབ་གྲྭ་ཞིག་ཡོད་ན་ཡག་པོ་ཡོང་ས་རེད་ཟེར་ནས་བཀའ་མོལ་དེ་འདྲ་ཞིག་སླེབས་པ་རེད། དེ་ལ་བརྟེན་ནས་གཞི་རིམ་སློབ་གྲྭ་བཙུགས་དགོས་པའི་འཆར་གཞི་དང་དམིགས་ཡུལ་འདྲ་དེ་དེ་དུས་ནས་འགོ་འཙུགས་ནས་ཡོང་བ་རེེད།

སྤྱིར་བཏང་ཚང་མས་མཁྱེན་གསལ་རེད། གཞི་རིམ་གྱི་སློབ་གྲྭ་བརྒྱག་ཟེར་ནས་སློབ་གྲྭ་བཙུགས་ཡོང་དུས་གུར་ཕུབ་པ་ནང་བཞིན་ལམ་སང་ཡོང་ཡ་མེད། སློབ་ཕྲུག་གི་ངོས་ནས་དང། དགེ་རྒན་གྱི་ངོས་ནས་དང། གནས་ཡུལ་གྱི་ངོས་ནས། དེ་ལྟར་མང་པོ་ཞིག་ནས་བསམ་བློ་བཏང་ནས་ལོ་མང་པོ་ཞིག་ལ་བསམ་བློའི་ནང་ནས་འཆར་འགོད་བཟོས་ནས་སླེབས་ཡོང་བ་དེ་འདྲ་ཞིག་རེད།

གཉིས་པ་སྤྱི་ལོ་ 2014 ལོར་༸སྐྱབས་རྩེ་མཁྱེན་བརྩེ་རིན་པོ་ཆེ་དང། མཁྱེན་བརྩེ་ཐེབས་རྩའི་ཚོགས་མི། རྫོང་སར་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་བཅས་པ་མཉམ་འཛོམས་ཀྱིས་རྫོང་སར་བཤད་གྲྭའི་མ་འོངས་པའི་འཆར་གཞི་དང་ཁ་ཕྱོགས་ཀྱི་ཐོག་ལ་ཚོགས་འདུ་ཉིན་ཁ་ཤས་ཤིག་ལ་ཚོགས་པ་རེད། དེ་དུས་ང་ཚོ་རྫོང་སར་བཤད་གྲྭ་ལ་མཐོ་རིམ་རིག་གནས་ཀྱི་སྡེ་ཚན་ཞིག་ཀྱང་དགོས་པའི་སྐད་ཆ་བྱུང་བ་དང། དེ་སྔོན་གླེང་བའི་གཞི་རིམ་སློབ་གྲྭ་དེ་ཡང་འཛུགས་ཐུབ་པ་དགོས་ཀྱི་འདུག་ཟེར་ནས་སྐད་ཆ་དེ་འདྲ་གཉིས་སླེབས་པ་རེད། དེའི་སྐབས་སུ་གནས་སྐབས་གཉིས་ཀར་ལག་པ་མ་འཆང་ནས་དེ་གཉིས་ལས་གང་རུང་ཞིག་ལས་གང་དགའ་ཇི་དགེའི་སྐོར་ནས་གོ་བསྡུར་ཞུས་འབྲས་སུ་མང་མོས་ཀྱི་ཐོག་ནས་མཐོ་རིམ་རིག་གནས་ཀྱི་སྡེ་ཚན་འཛུགས་རྒྱུའི་གྲོས་ཆོད་བྱུང་བ་རེད། གཞི་རིམ་སློབ་གྲྭ་འཛུགས་རྒྱུའི་སྐོར་ལ་བསམ་ཚུལ་དེ་སྤྱི་ལོ་ 2010 ནས་བྱུང་བ་རེད་དེ་ཐག་ཆོད་བྱུང་ཡོད་མ་རེད། མཐོ་རིམ་རིག་གནས་ཀྱི་སྡེ་ཚན་འཛུགས་པ་ལ་ཡང་གོང་དུ་ཞུས་པ་ནང་བཞིན་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཡོད་དགོས་རེད། དགེ་རྒན་འཛོམས་པ་ཙམ་གྱིས་མི་ཕན་པར་མཐོ་རིམ་རིག་གནས་ལ་འགྲོ་མཁན་གྱི་སློབ་ཕྲུག་ཀྱང་ཡོད་དགོས་རེད། དེ་སོགས་ཆ་རྐྱེན་མང་པོ་ཞིག་ཚང་དགོས་སྟབས་ལམ་སང་གུར་ཕུབ་པ་ནང་བཞིན་ཚང་མ་ལམ་སང་མི་ཡོང་བ་ཡིན་དུས་གནས་སྐབས་ལུས་པ་རེད། དེ་ནས་སྤྱི་ལོ་ 2016 ལོའི་ལོ་མཐར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་ཞུས་ནས་མཐོ་རིམ་རིག་གནས་ཀྱི་སྡེ་ཚན་དེ་འཛུགས་རྒྱུ་ཐག་ཆོད་ཟིན་པ་རེད། ད་དུང་གཞི་རིམ་གྱི་སློབ་གྲྭ་ཞིག་ཡོད་དགོས་པ་དེ་ཡང་དཔེ་མི་སྲིད་གནད་འགག་ཆེན་པོ་འདུག་ཟེར་ནས་ཞུས་པའི་སྐབས་སུ་ཁ་ཐུག་ཐག་ཆོད་པོ་འདྲ་ཞིག་མ་བྱུང། རྗེས་ནས་སྤྱི་ལོ་ 2017 ལོའི་ལོ་འགོ་ལ་ཡང་བསྐྱར་ཞུས་དུས་རིན་པོ་ཆེས་ཡག་པོ་འདུག་གསུངས་ནས། གཞི་རིམ་སློབ་གྲྭ་འཛུགས་སྟངས་དང་སློབ་ཚན་འཆར་འགོད་བཟོ་སྟངས་སོགས་ཀྱི་སྐོར་ནས་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ་ནས་གཞི་རིམ་སློབ་གྲྭ་འཛུགས་རྒྱུར་ཐག་ཆོད་པ་བྱུང་བ་རེད། གོང་དུ་ཞུས་པ་བཞིན་སྤྱི་ལོ་ 2014 ལོར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་དང་མཁྱེན་བརྩེ་ཐེབས་རྩ་ལྷན་ཚོགས་ཀྱི་སྒོ་ནས་ཚོགས་འདུ་ཚོགས་ནས་མཐོ་རིམ་རིག་གནས་སྡེ་ཚན་འཛུགས་རྒྱུར་ཐག་ཆོད་ཡོང་དུས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ང་ཚོ་ལ་མཐོ་རིམ་རིག་གནས་སྡེ་ཚན་ཞིག་བཙུགས་ན་གང་འདྲ་ཞིག་བཙུགས་ན་དགའ་ས་རེད་ཅེས་བཀའ་འདྲི་གནང་བྱུང། སྐབས་དེར་རྫོང་སར་བཤད་གྲྭའི་རིག་གནས་སྦྱོང་འདོད་ཡོད་མཁན་རྣམས་ས་རཱ་ལ་ཕེབས་འགྲོ་གི་ཡོད་རེད་ལ། སྐབས་དེར་ས་རཱ་ལ་དགེན་སྤྲེལ་ནག་པ་དང་དགེན་མེ་འོད་ཁོང་རྣམ་པ་ཡང་དེར་བཞུགས་ནས་ས་རཱའི་མཚན་སྙན་རྒྱས་ཡོད་པའི་སྐབས་རེད། དེ་ཡིན་དུས་ས་རཱ་ནང་བཞིན་ཞིག་འཛུགས་ཐུབ་ན་ཡག་པོ་ཡོང་ས་རེད། ད་ལྟའི་ཆར་ཚད་འཛིན་ས་འདྲ་ཞིག་ས་རཱ་རེད་ཟེར་ནས་ཞུས་པ་རེད། དེ་ནས་རིན་པོ་ཆེས་ཀྱང་འོ་ད་དེ་ག་ནང་བཞིན་འཛུགས་དགོས་རེད་ཅེས་གསུངས་པ་བཞིན་ཐག་བཅད་ནས། སྤྱི་ལོ་ 2017 ལོའི་ལོ་སྐེད་ནས་དགེན་མེ་འོད་ཚུར་ཕེབས། རིམ་གྱིས་ན་ནིང་དགེན་སྤྲེལ་ནག་པ་ཡང་ཕེབས་ནས་རིམ་པ་བཞིན་ཁོང་རྣམ་པ་དགེ་རྒན་རྣམས་ཕེབས་ཏེ་དེ་ལྟར་སྤྱི་ལོ་ 2017 ལོའི་ལོ་ཕྱེད་ནས་མཐོ་རིམ་རིག་གནས་སྡེ་ཚན་དེ་འགོ་བཙུགས་ཐུབ་པ་དེ་འདྲ་ཞིག་བྱུང་བ་རེད།

གོང་དུ་ཞུས་པ་ནང་བཞིན་གཞི་རིམ་སློབ་གྲྭ་འཛུགས་རྒྱུ་དེ་ཡང་སྤྱི་ལོ་2017ལོའི་ལོ་འགོ་ནས་ཐག་ཆོད་དེ་བཙུགས་པ་ཡིན་དུས་ལོ་དེའི་ལོ་ཕྱེད་དབྱར་གནས་ཀྱི་འགོ་ནས་འགོ་བཙུགས་པ་རེད། དེ་ནས་འགོ་བཟུང་སྟེ་སྐབས་དེའི་སློབ་མ་སློབ་སྦྱོང་ཡག་ཤོས་རྣམས་ཀྱིས་ལོ་ཕྱེད་དེའི་རིང་ལ་ལོ་རིམ་གཅིག་གི་སློབ་ཚན་གྱི་གོ་ཆོད་པ་དང་དེའི་སྟེང་དུ་ན་ནིང་ལོ་གཅིག་བྱས་ནས་ད་ལོ་ལོ་རིམ་གསུམ་པར་སླེབས་ཡོད་པ་དེ་འདྲ་ཞིག་ཆགས་ཡོད། དེ་འདྲ་སོང་ཙང་སྤྱིར་བཏང་སློབ་གྲྭ་འགོ་བཙུགས་ནས་ལོ་གཅིག་དང་ཕྱེད་ཀ་སོང་ཡོད་པ་དང་ལོ་རིམ་གསུམ་པ་ལ་སླེབས་ཡོད་པ་རེད། དེ་ཡིན་དུས་དེ་རིང་ང་ཚོའི་སློབ་གྲྭ་འགོ་བཙུགས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཟེར་ནས་ལབ་ཡོང་དུས་དེ་གང་འདྲ་རེད་ཟེར་ན། ད་གིན་གོང་དུ་སློབ་སྤྱི་ལགས་ཀྱིས་གསུངས་པ་ནང་བཞིན་སྔོན་མ་འདི་ནས་བཤད་གྲྭ་རང་གི་ནང་ནས་བཀོད་སྒྲིག་བྱས་ཏེ་འགོ་བཙུགས་པ་རེད། སྤྱི་ལོ་2018ལོའི་ལོ་འགོ་ནས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཁོང་སློབ་སྤྱི་ལ་བསྐོས། དགེ་རྒན་རྣམས་བསྐོ་བཞག་གི་འཆར་འགོད་བཟོས། སློབ་གྲྭ་འདིའི་སློབ་ཡུན་ཡང་ལོ་ལྔ་ལ་ཡིན་པའི་གཏན་འབེབ་བྱུང་ནས་ད་བར་ལོ་གཅིག་འཁོར་གྱི་ཡོད་སྟབས་ལོ་གཅིག་འཁོར་བའི་དུས་དྲན་ཟེར་ན་ཡང་འགྲིག་བསྡད་པ་ཞིག་དང། སྤྱིར་བཏང་སློབ་གྲྭ་བཙུགས་ནས་ལོ་གཅིག་དང་ཕྱེད་ཀ་སོང་ཡོད་པའི་གནས་སྟངས་དེ་འདྲ་ཞིག་རེད།

གཞི་རིམ་སློབ་གྲྭ་འདིའི་སློབ་ཚན་ལ་གང་ཡོད་རེད་ཟེར་ན། གོང་དུ་སློབ་སྤྱི་ལགས་ཀྱིས་གསུངས་པ་ནང་བཞིན་དུ་སྐད་རིགས་བཞི་ཡོད། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་དེ་ཡང་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་བཞིན་གཏན་འབེབ་བྱུང་བ་རེད། དེའི་དམིགས་ཡུལ་ཡང་གཅིག་ནས་གཞི་རིམ་སློབ་གྲྭ་འདིའི་རྩ་བའི་དམིགས་ཡུལ་བཤད་གྲྭའི་གྲྭ་རྒྱུན་གྱི་ཡོང་ཁུངས་ཤིག་ཆགས་ཀྱི་ཡོད་སྟབས་བོད་ཡིག་གི་སློབ་ཚན་དེ་བཙུགས་པ་རེད། གཉིས་ནས་འཛམ་བུ་གླིང་སྤྱི་ལ་ནང་བསྟན་ཁྱབ་ཡོད་རེད་དེ་དངོས་གནས་ནང་ཆོས་ཤེས་ནས་རང་རྐང་ཚུགས་པའི་མི་དེ་ཉུང་ཉུང་ཆགས་བསྡད་ཡོད་རེད། དེ་ཆགས་ཡོད་སྟབས་བོད་སྐད་ཀྱི་ཐོག་ནས་ནང་ཆོས་གཞི་རྐང་ཚུགས་པ་ཞིག་སྦྱང་ཐུབ་པའི་ཆེད་དུ་བོད་ཡིག་གི་སློབ་ཚན་བཙུགས་པའི་རྒྱུ་མཚན་དེ་རེད།

གཉིས་པ་དབྱིན་ཇིའི་སྐད་དེ་གཅིག་ནས་འཛམ་བུ་གླིང་གི་ནང་ལ་ཁྱབ་ཆེ་ཤོས་ཡིན་དུས་བོད་སྐད་ཀྱི་ཐོག་ནས་ནང་ཆོས་སྦྱངས་ནས་ནང་ཆོས་ཀྱི་གཞི་རྩ་དེ་གང་ལ་གང་འཚམ་ཞིག་ཤེས་ཚར་ནས་གཞན་ལ་སློབ་པ་ལ། དངོས་གནས་ཀྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་དབྱིན་ཇི་དེ་ཡང་ཆགས་བསྡད་ཡོད་སྟབས་དབྱིན་ཇིའི་སློབ་ཚན་དེ་བཙུགས་པ་རེད། གཉིས་ནས་སློབ་གྲྭ་འདིའི་ནང་ལ་ཕེབས་ཚར་ནས་ཚང་མ་སྒོམ་རི་ཁྲོད་རྐྱང་རྐྱང་ལ་བསྡད་ཐུབ་པའི་ངེས་པ་མེད་པར་སྤྱི་ཚོགས་ཀྱི་ནང་ལ་འཚོ་དགོས་ཀྱི་ཡོད་རེད། སྤྱི་ཚོགས་ཀྱི་ནང་ལ་འཚོ་བར་སོ་སོའི་རྐང་པའི་སྟེང་དུ་སོ་སོ་ལངས་ཐུབ་པའི་ཆེད་དུ་གཞི་རིམ་སློབ་གྲྭའི་ལོ་རིམ་ལྔ་པ་དོན་སོང་ན་ཕྱི་ལོགས་ཀྱི་སློབ་གྲྭ་ཁག་གི་ལོ་རིམ་བརྒྱད་པ་ཐོན་པའི་དབྱིན་ཇིའི་ཆུ་ཚད་ཡོད་པ་ཞིག་དང། སྤྱི་ཚོགས་ཀྱི་ཁྲོད་དུ་སོ་སོའི་རྐང་པའི་ཐོག་ཏུ་སོ་སོ་ལངས་ནས་དབྱིན་ཇིའི་སྐད་ཡིག་དེ་ཚོ་བེད་སྤྱོད་གཏོང་ཐུབ་པའི་ཆུ་ཚད་ཡོང་བ་ཞིག་གི་དོན་དུ་དབྱིན་ཡིག་གི་སློབ་ཚན་དེ་ཚོ་གོ་སྒྲིག་བྱས་ཡོད།

དེ་ནས་རྒྱ་སྐད་དེ་ཡིན་ན་གཙོ་བོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ང་ཚོར། འཛམ་བུ་གླིང་གི་ནང་པ་དེ་ཕྱོགས་གཅིག་ལ་བཞག རྒྱ་ནག་གི་ནང་པ་དེ་ཕྱོགས་གཅིག་ལ་བཞག་ན་ཡང་རྒྱ་ནག་གི་ནང་པ་དེ་མང་གི་ཡོད་རེད་གསུང་གི་འདུག དེ་འདྲ་ཡིན་སྟབས་ང་ཚོས་བོད་སྐད་སྦྱངས་ནས་ནང་ཆོས་ཀྱི་ལྟ་གྲུབ་ཀྱི་གཞི་རྩ་གང་འདྲ་ཡིན་པ་ཡག་པོ་ཧ་གོ་ཚར་དུས་སུ་ལ་སྤེལ་དགོས་ཀྱི་རེད། ནང་པ་དེ་ཚོ་ལ་སྤེལ་དགོས་ཀྱི་རེད། ནང་པ་དེ་ཚོ་ལ་སྤེལ་དགོས་དུས་འཛམ་བུ་གླིང་གི་ནང་པ་ལས་རྒྱ་ནག་གི་ནང་པ་མང་གི་ཡོད་ན་ཁོང་ཚོའི་སྐད་དེ་ཡང་མ་ཤེས་རང་ཤེས་རེད། དེ་ཡིན་དུས་རྒྱ་སྐད་བཙུད་པའི་རྒྱུ་མཚན་དེ་རེད།

དེ་ནས་སློབ་གྲྭ་འདི་ཆགས་ས་ཁོ་རང་རྒྱ་གར་ཡིན་སྟབས་རྒྱ་གར་གྱི་སྐད་དེ་ཡང་མ་ཤེས་ཐབས་མེད་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་དེ་འདྲ་ཡིན་སྟབས་རྒྱ་གར་གྱི་སྐད་ཡིག་དེ་ཡང་སློབ་ཚན་ལ་བཞག་སྟེ་རྩ་བའི་སྐད་ཡིག་བཞི་དེ་སློབ་ཚན་ལ་བཞག་པ་རེད། དེ་ལྟར་སྐད་རིགས་བཞི་ཡི་སློབ་ཚན་བཙུགས་པ་དེ་གཅིག་ནས་ནང་ཆོས་དེ་སོ་སོས་ཡག་པོ་ཤེས་ནས་གཞན་ལ་སྤེལ་བའི་ཆ་རྐྱེན་དུ་བཙུགས་པ་དང། གཉིས་ནས་སློབ་གྲྭ་འདི་ནས་དོན་ཡོང་དུས་སོ་སོའི་རྐང་པར་སོ་སོ་ལངས་ནས་སྤྱི་ཚོགས་ཀྱི་ནང་ལ་འཚོ་གནས་བྱེད་ཡོང་དུས་དཀའ་ངལ་མི་འཕྲད་པའི་ཆ་རྐྱེན་བསྐྲུན་ཐུབ་པའི་ཆེད་དུ་སློབ་ཚན་གཏན་འབེབ་བཟོ་གི་ཡོད་རེད། དེ་སྔོན་ཡིན་ན་ལོ་ལྔ་ཡི་འཆར་འགོད་བཟོས་པ་རེད་དེ། ད་ལྟ་གཏན་འབེབ་བྱུང་ཡོད་མ་རེད་དེ་ཕལ་ཆེར་ལོ་ལྔ་ལས་བརྒལ་ནས་ལོ་བརྒྱད་དང་བཅུ་ཙམ་ཆགས་ས་རེད་བསམ་བསམ་གྱི་གནས་ཚུལ་དེ་འདྲ་ཞིག་རེད།

གནས་ཚུལ་གཞན་ཞིག་གསལ་བཤད་ཞུ་ཡ་ལ། ང་ཚོའི་གཞི་རིམ་སློབ་གྲྭ་ལ་ཞུགས་ཚར་དུས་ཡིན་གཅིག་མིན་གཅིག་བཤད་གྲྭ་ལ་འགྲོ་དགོས་ཟེར་བ་ཞིག་ཡོད་མ་རེད། སྤྱིར་བཏང་ན་ནིང་གཞི་རིམ་སློབ་གྲྭ་ནས་ཕྲུ་གུ་གསུམ་བཤད་གྲྭར་སླེབས་པ་རེད། ད་ལོ་ཡང་ངས་སློབ་སྤྱི་ལགས་ལ་ཞུས་པ་ཡིན། ན་ནིང་ཕྲུ་གུ་གསུམ་སླེབས་པ་རེད། ད་ལོ་ཡང་འགྲོ་འདོད་ཡོད་མཁན་ཡོད་ན་ཕྲུ་གུ་གཉིས་གསུམ་མངགས་ན་ཡང་ཡག་པོ་འདུག  གལ་སྲིད་ཁོ་རང་ཚོ་འགྲོ་འདོད་མེད། སློབ་གྲྭ་རང་ལ་བསྡད་འདོད་ཡོད་ན། ཁོ་རང་ཚོ་ལ་འདོད་པ་གང་འདྲ་ཡོད་ན་དེ་ག་རང་བྱེད་དགོས་རེད་མ་གཏོགས་ང་ཚོ་བཤད་གྲྭའི་ངོས་ནས་ཡོང་དགོས་རེད་ཟེར་བ་རྩ་བ་ནས་ཡོད་མ་རེད། ཅེས་ཞུས་པ་ཡིན། སྤྱིར་བཏང་བཤད་གྲྭར་ཞུགས་པ་ལ་ལོ་བཅོ་ལྔ་ཟིན་པ་ཞིག་དགོས་རེད། དེ་ཞུས་དུས་ཁ་སང་སློབ་སྤྱི་ལགས་ཀྱིས་ལོ་བཅོ་ལྔ་བརྒལ་ཟིན་པ་ཕྲུ་གུ་བདུན་བརྒྱད་ཅིག་འདུག དེའི་ནང་ནས་བཤད་གྲྭ་ལ་འགྲོ་གི་ཡིན་ཟེར་མཁན་གསུམ་འདུག དེ་གསུམ་ལ་སོ་སོའི་ཕ་མ་དང་ནང་མི་ལ་འབྲེལ་བ་བྱས་ནས་འགྲིག་དང་མི་འགྲིག་དྲིས་ནས་ཐག་ཆོད་ཤོག་ལབ་ཡོད་གསུངས་བྱུང། དེ་འདྲ་བྱས་ནས་ཁ་སང་ཕྲུ་གུ་གསུམ་བཤད་གྲྭ་ལ་ཞུགས་རྒྱུ་ཡིན་ཟེར་ནས་སླེབས་པ་རེད།

དེ་ཡིན་དུས། སྤྱིར་བཏང་གོང་དུ་ཞུས་པ་ནང་བཞིན་རེད། གཞི་རིམ་སློབ་གྲྭར་འཛུལ་ནས་སློབ་མཐར་ཕྱིན་ནའང་བཤད་གྲྭ་ལ་ངེས་པར་དུ་འགྲོ་དགོས་ཟེར་བ་ཞིག་ཡོད་མ་རེད། སོ་སོའི་རང་མོས་རེད། དེ་འདྲ་ཡིན་པ་སོང་ཙང་སློབ་གྲྭར་ཞུགས་ནས་ལོ་གཅིག་སོང་ནའང་འདྲ། ལོ་གཉིས་སོང་ནའང་འདྲ། ལོ་བཅོ་ལྔ་ཡན་ཆོད་བརྒལ་ཚར་ན་ད་ལོ་བཤད་གྲྭར་མ་ཡོང་ན་ཡང་སང་ལོ་ཡོང་དགོས་རེད་ཟེར་བའི་སྐད་ཆ་ཞིག་གོ་ཡོང་གི་འདུག དེ་འདྲ་རྩ་བ་རང་ནས་མ་རེད། སོ་སོ་རང་གི་མོས་པ་དང་འདོད་མོས་རེད། སོ་སོའི་ངོས་ནས་འགྲོ་འདོད་ཡོད། ཕ་མ་དང་གཞན་པ་འགན་ལེན་ཐུབ་མཁན་གྱིས་འགྲིག་གི་འདུག་དྲན་ནས་བཤད་གྲྭར་ཞུགས་ན་འགྲིག་གི་ཡོད་རེད། འགྲིག་གི་མི་འདུག་དྲན་ན་སློབ་མཐར་མ་ཕྱིན་ན་ཨ་ཅང་ཅང་སློབ་མཐར་ཕྱིན་ན་ཡང་ཡར་བཤད་གྲྭ་ལ་འགྲོ་དགོས་ཟེར་བ་ཞིག་ཡོད་མ་རེད། དེ་ཡག་པོ་ཧ་གོ་དགོས་ཀྱི་འདུག དེ་མ་གཏོགས་ཁ་ཤས་ཀྱིས་གཞི་རིམ་སློབ་གྲྭར་ཞུགས་ནས་སློབ་མཐར་ཕྱིན་ནའང་འདྲ། མ་ཕྱིན་ནའང་འདྲ། ལོ་བཅུ་དྲུག་ལོན་ཚར་ན་བཤད་གྲྭ་ལ་ངེས་པར་དུ་འགྲོ་དགོས་ཡོད་པའི་སྐད་ཆ་འདྲ་སླེབས་ཡོང་གི་འདུག དེ་རྩ་བ་ནས་དགོས་ཀྱི་མ་རེད།

བཤད་གྲྭའི་ནང་ལ་རང་མོས་ཀྱི་སྒོ་ནས་འཛུལ་རྒྱུ་རེད་མ་གཏོགས། ཁྱོད་ཡིན་གཅིག་མིན་གཉིས་འཛུལ་དགོས་ཟེར་ནས་དེ་སྔ་ཡང་ཡོད་མ་རེད་ལ། ད་དུང་ཡང་གཞི་རིམ་སློབ་གྲྭ་ཡིན་ནའང་རེད། སུ་ཡིན་ན་ཡང་ངེས་པར་དུ་འཛུལ་དགོས་ཟེར་བ་ཞིག་རྩ་བ་ནས་ཡོད་མ་རེད། དེ་ལ་མཚམས་མཚམས་ལ་གོ་ནོར་ཞིག་ཐེབས་ཀྱི་ཡོད་ས་རེད། ཡང་གཉིས་ནས་བཤད་གྲྭའི་སྔོན་འགྲོ་ལ་ཡོད་མཁན་རྣམས་གཞི་རིམ་ལ་འགྲོ་ཐུབ་ན་ཡག་པོ་ཡོད་ས་རེད་ཟེར་མཁན་ཡོད་ས་རེད། དེ་ཡང་ང་ཚོའི་ངོས་ནས་གཏན་འབེབ་ཡོད་མ་རེད།

སློབ་ཕྲུག་རང་གི་ངོས་ནས་ལོ་བཅུ་དྲུག་ནས་ཡར་བརྒལ། བཤད་གྲྭ་ལ་འཛུལ་ཆོག་པའི་ཆ་རྐྱེན་ཚང་ཡོད་ན་ཁོང་རང་རང་མོས་རེད། བཤད་གྲྭ་ལ་འཛུལ་ཆོག་གི་རེད། ཁྱོད་བཤད་གྲྭ་ལ་འཛུལ་ན་འགྲིག་གི་མི་འདུག མར་གཞི་རིམ་ལ་འགྲོ་དགོས་ཟེར་བ་ཞིག་ཡོད་མ་རེད། གཞི་རིམ་གྱི་ནང་ནས་ཡར་སྔོན་འགྲོར་ཡོང་ན་ཡང་དེ་ག་ནང་བཞིན་རེད། ཕྲུ་གུ་རང་གི་འདོད་མོས་དང་སོ་སོའི་ཕ་མ་སོགས་ཀྱི་འདོད་མོས་གང་འདྲ་ཡིན་པ་བཞིན་དུ་འགྲོ་རྒྱུ་རེད་མ་གཏོགས་མི་གཅིག་གཉིས་ཀྱིས་བཙན་པོ་དབང་ཡོད་བྱས་ནས་ཁྱོད་ཨེ་ན་འགྲོ་དགོས། ཁྱོད་འདི་ན་རྒྱུགས་ཟེར་བ་ཞིག་ཡོད་མ་རེད། དེ་ང་ཚོ་སློབ་ཕྲུག་ཚང་མ་རེད། སློབ་ཕྲུག་གི་འགོ་ནས་ལྟ་མཁན་རེད། དགེ་རྒན་རྣམ་པ་རེད། ཚང་མའི་ཐུགས་ལ་གཞག་གནང་རོགས་བྱོས་ཟེར་ནས་ཞུ་རྒྱུ་ཡིན།

དེ་ནས་གཞི་རིམ་ལ་འཛུལ་དུས་མ་མཐའི་ཆ་རྐྱེན་དེ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་ཀྱིས་ང་ཚོ་སྐད་ཆ་བྱུང་ནས་རིན་པོ་ཆེས་མ་མཐའ་ལོ་བཅུ་ནས་འགོ་བཙུགས་ནས་ལོ་ལྔའི་རྗེས་སུ་ལོ་བཅུ་དྲུག་གི་ཐོག་ལ་བཤད་གྲྭ་ལ་ཡར་འཛུལ་ན་ཡང་ཁོ་རང་ཚོ་རང་མོས་རེད། ལོ་ཚོད་ཀྱང་ཏག་ཏག་འགྲིག་འགྲོ་གི་ཡོད་རེད། ཡང་གཞན་པ་ལ་ཁ་ཐུག་ཕར་འགྲོ་དྲན་ན་ཡང་འགྲོ་ཆོག་ཡ་བྱས་ནས། མ་མཐའི་ལོ་ཚད་བཅུ་ནས་འཛུལ་དགོས་པ་དེ་འདྲ་རེད།

ད་གཞི་རིམ་སློབ་གྲྭའི་སྡོམ་འདྲ་བརྒྱབ་ན་དང་པོ་གང་འདྲ་བྱས་ནས་འཛུགས་ཡ་བྱུང་ཡོད། བར་དུ་གང་འདྲ་བྱས་ནས་བཙུགས་ཡོད། ད་ལྟ་ཡི་གནས་སྟངས་གང་འདྲ་ཡིན་མིན་གྱི་སྐོར་གྱི་སྐད་ཆ་དེ་མདོར་བསྡུས་ན་དེ་འདྲ་ཞིག་རེད་མ་གཏོགས། ན་ནིང་གཞིས་ནིང་ཧོབ་སྟེ་ཁ་ལ་གཞི་རིམ་སློབ་གྲྭ་ཞིག་འཛུགས་དགོས་ཀྱི་འདུགས་ཟེར་ནས་བཙུགས་བཞག་པ་དང། ད་ག་ནང་བཞིན་རིག་གནས་སྡེ་ཚན་ཡང་ནང་ནིང་ད་ལོའི་འཛིན་སྐྱོང་གིས་ཐག་བཅད་ནས་ཁར་ཐུག་བཙུགས་བཞག་པ་འདྲ་ཞིག་མ་རེད། སྔོན་མ་སྔོན་མའི་འཛིན་སྐྱོང་དང་ཕྱོགས་བཞུགས་མཁན་པོ་དགེ་རྒན། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་དང་མཁྱེན་བརྩེ་ཐེབས་བརྩེའི་ཚོགས་མི་མཉམ་བཞུགས་ཀྱི་ཐོག་ནས་ཞག་མ་མང་པོ་ཚོགས་འདུ་ཚོགས་པ་དང་གྲོས་བསྡུར་བྱས་ནས་རིམ་གྱིས་རིམ་གྱིས། དཔེར་ན་སོས་ཀ་ལ་འབྲས་བུ་བཏབ་པ་དེ་སྟོན་ཁ་ལ་མ་གཏོགས་ལམ་སང་མི་སྨིན་པ་བཞིན་དུ། རིམ་གྱིས་རིམ་གྱིས་ས་བོན་བཏབ་པ་དེ་ཚོའི་འབྲས་བུ་ད་ལོ་ན་ནིང་ལ་གཞི་ནས་འགོ་བཙུགས་ཐུབ་པ་དེ་འདྲ་བྱུང་བ་རེད། བྱུང་རིམ་དེ་རིམ་གྱིས་མར་བྱུང་བསྡད་པ་མ་གཏོགས་ད་ལོ་ན་ནིང་གི་འཛིན་སྐྱོང་གིས་ཐག་བཅད་ནས་ལས་བཞག་པ་དེ་འདྲ་ཅི་མ་རེད། དེ་ཚོ་ཡང་ཚང་མས་དེ་ལྟར་དགོངས་རོགས་གྱིས་ཟེར་ནས་དེ་འདྲ་ཞུ་རྒྱུ་ཡིན། ཚང་མ་ལ་ཐུགས་རྗེ་ཆེ།

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་སྒྲ་ཕབ་ཞུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *