༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་གཞི་རིམ་སློབ་གྲྭ་ཀནིཥྐའི་ལོ་འཁོར་མཛད་སྒོ་ཚོགས་པ།

༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་གནང་བཞིན་པ།

སྤྱི་ལོ་2019ཟླ་བ་3ཚེས་17ཉིན་འཕགས་ཡུལ་རྫོང་སར་བཤད་གྲྭའི་གཞི་རིམ་སློབ་གྲྭ་ཀནིཥྐ་དངོས་སུ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་མཛད་སྒོ་ཚོགས། མཛད་སྒོའི་ཐོག་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང། བཤད་གྲྭའི་མཁན་ཆེན་རིན་ཆེན་དང་མཁན་ཆེན་འཇམ་དབྱངས་བློ་གསལ། ལས་ཐོག་མཁན་པོ་བསམ་འགྲུབ་ལགས། རྫོང་སར་མཐོ་རིམ་རིག་གནས་ཀྱི་སློབ་དཔོན་དགེན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་རྣམས་ཀྱིས་དབུས་པའི་བཤད་གྲྭའི་མཁན་པོ་དང་དགེ་རྒན་རྣམས། ས་གནས་ཀྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་གནད་ཡོད་མི་སྣ་དང་སྐུ་ཚབ། སློབ་གྲྭ་ཀནིཥྐའི་དགེ་སློབ་ཡོངས་བཅས་མཉམ་ཞུགས་གནང།

སྐུ་མགྲོན་དང་དགེ་སློབ་ཡོངས་བཞུགས་གྲལ་དུ་འཁོད་པ།

སློབ་གྲྭ་ཀནིཥྐའི་སློབ་སྤྱི་དོན་གྲུབ་རྡོ་རྗེ་ལགས་ཀྱིས་སྤོས་སྣེ་དང་སློབ་མ་རྣམས་ཀྱིས་ལག་ཏུ་ཁ་བཏགས་དང་མེ་ཏོག་ཐོག་སྟེ་༸སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་སློབ་གྲྭ་ཀནིཥྐར་གདན་དྲངས་ནས་སྐུ་མགྲོན་དང་དགེ་སློབ་ཡོངས་བཞུགས་གྲལ་དུ་འཁོད་གྲུབ་མཚམས། སློབ་གྲྭའི་བོད་ཡིག་དང་རི་མོའི་དགེན་བསྟན་འཛིན་ཕྲིན་ལས་ལགས་ཀྱིས་འཚམས་འདྲི་དང་བཅས་ཏེ་མཛད་སྒོའི་མདོ་འཛིན་མཛད་དེ་མཛད་སྒོ་དངོས་སུ་འགོ་བཙུགས།

ཀནིཥྐའི་སློབ་སྤྱི་དོན་གྲུབ་རྡོ་རྗེ་མཆོག་གིས་སློབ་གྲྭའི་ལས་སྡོམ་སྙན་སྒྲོན་ཞུ་བཞིན་པ།

མཛད་རིམ་གྱི་ཐོག་མར་སློབ་གྲྭའི་སློབ་སྤྱི་དོན་གྲུབ་རྡོ་རྗེ་མཆོག་ནས་སློབ་གྲྭ་འདིའི་མིང་ལ་ཀནིཥྐ་ཞེས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བསྩལ་གནང་བ་དང། ཀནིཥྐ་ཞེས་པ་རྒྱ་གར་གྱི་ཀུ་ཤན་རྒྱལ་རབས་ཀྱི་རྒྱལ་པོ་བཀའ་བསྡུ་གསུམ་པའི་སྦྱིན་བདག་གནང་བ། ད་ལྟ་ཨབ་གྷ་ནི་སི་ཋན་ནང་གི་སངས་རྒྱས་ཀྱི་སྐུ་ཆེན་པོ་དེ་བཞེངས་གནང་བ་སོགས་ཀྱི་སྒོ་ནས་ནང་པའི་བསྟན་པ་ལ་ཞབས་ཞུ་ཆེན་པོ་ཞུ་མཁན་གྱི་རྒྱལ་པོ་དེའི་མཚན་ཡིན་པ་དང། སློབ་གྲྭ་འདིའི་མིང་ལ་ཡང་རྒྱལ་པོ་དེའི་མཚན་ནས་དྲངས་ཏེ་མ་འོངས་པར་སངས་རྒྱས་བསྟན་པར་ཞབས་ཞུ་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་སྐོར་དང། སྤྱིར་བཏང་སློབ་གྲྭ་དབུ་འཛུགས་ཞུས་ནས་ལོ་གཅིག་དང་ཕྱེད་ཙམ་སོང་ཟིན་ན་ཡང་བསྟན་པའི་བདག་པོ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་སྤྱི་ལོ་ 2018 ལོའི་ལོ་འགོར་སློབ་སྤྱི་སྐོ་གཞག་དང་འབྲེལ་ནས་སློབ་གྲྭའི་དུས་ཡུན་ལོ་ལྔ་ལ་གཏན་འབེབ་གནང་ནས་དགེ་རྒན་རྣམས་བསྐོ་གཞག་གི་འཆར་འགོད་བཟོས་ཏེ་སློབ་གྲྭའི་སྤྱི་སྒྲོམ་རང་མཚན་པར་གཏན་འབེབ་བྱུང་ནས་ད་བར་ལོ་གཅིག་འཁོར་གྱི་ཡོད་པས་ལོ་འཁོར་གྱི་མཛད་སྒོ་འདི་གོ་སྒྲིག་ཞུས་པའི་སྐོར་དང། ད་ཡོད་སློབ་མའི་གྲངས་འབོར་དང་ཡོངས་ཁུངས་ཀྱི་ཆ་ནས་བལ་ཡུལ་དང། ལ་དྭགས། འབྲས་ལྗོངས་བཅས་ནས་ཧི་མ་ལ་ཡའི་མི་རིགས་དང། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་དྷར་པར་དྷི་ཤི་(Uttar Pradesh)དང། ཧར་ཡ་ན་(Haryana Pradesh)། པུ་ནེ་(Pune)བཅས་ནས་རྒྱ་གར་བའི་སློབ་མ་བཅས་ཁྱོན་བསྡོམས་ད་ཡོད་སློབ་མ་གྲངས་130ཡིན་པ་དང། སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་ཁྱོན་25ཡོད་པ་བཅས་ངོ་སྤྲོད་གནང་བ་དང། དེ་བཞིན་འདས་པའི་ལོ་གཅིག་གི་རིང་ལ་སློབ་གྲྭའི་བྱེད་སྒོ་རྣམ་གསུམ་ངོ་སྤྲོད་དང། ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས།

བཤད་གྲྭའི་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་ནས་གསུང་བཤད་གནང་བཞིན་པ།

དེའི་རྗེས་སུ་བཤད་གྲྭའི་ལས་ཐོག་མཁན་པོ་བསམ་གྲུབ་མཆོག་གིས་རྫོང་སར་བཤད་གྲྭའི་མཐོ་རིམ་རིག་གནས་སྡེ་ཚན་དང་གཞི་རིམ་སློབ་གྲྭ་ཀནིཥྐ་བཙུགས་པའི་བརྒྱུད་རིམ་དང་ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ནས་གསུང་བཤད་རྒྱས་པ་གནང།(གསུང་བཤད་ཆ་ཚང་འདི་ནས་གཟིགས།) ལས་ཐོག་མཁན་པོའི་གསུང་བཤད་གྲུབ་མཚམས་༸སྐྱབས་རྗེ་གདུང་སྲས་ཨ་བྷི་ཀྲཱིཏ་བཛྲ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ 2018 ལོའི་ཀནིཥྐའི་ལོ་འཁོར་རྒྱུགས་སྤྲོད་ནང་ཨང་རིམ་རྩེར་སོན་རྣམས་དང་སློབ་གྲྭའི་དགེ་ལས་རྣམས་ལ་བྱ་དགའ་གསོལ་རས་བསྩལ། དེའི་རྗེས་སུ་དབྱིན་དགེ་ཚེ་དབང་ལྷ་མོ་ལགས་ཀྱིས་གཙོ་སྐྱོང་འོག་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས། གླུ་གཞས་གཟིགས་འབུལ་ཞུས་གྲུབ་པ་དང་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེས་འཛམ་གླིང་སྤྱི་ཡོངས་དང་ཁྱད་པར་ནང་བསྟན་གྱི་གནས་བབ་དང་འབྲེལ་ནས་གཞི་རིམ་སློབ་གྲྭ་སོགས་འཛུགས་གལ་ཆེ་བའི་སྐོར་དང། མ་འོངས་པར་ཡང་སློབ་གྲྭ་འདི་སྤུས་ཚད་དང་གྲངས་ཚད་གང་ས་ཅི་ཐད་ནས་ཡར་རྒྱས་གཏོང་ཐབས་བྱ་གལ་ཆེ་བའི་སྐོར། བྱིས་པ་ཚོ་ལོ་ཆུང་ཆུང་ནས་བསླབ་བྱ་དང་སྤྱོད་ལམ་སོགས་ལ་བག་ཆགས་བཟང་པོ་འཇོག་གལ་ཆེ་བའི་སྐོར། དེ་ལྟར་ཡོང་བ་ཡང་ཕ་མ་དང་དགེ་རྒན་ཚོར་རག་ལས་པ་ཡིན་སྟབས། སློབ་མ་རྣམས་མ་འོངས་པར་གྲྭ་པ་བྱས་མིན་ལ་མ་ལྟོས་པར་མི་བཟང་པོ་ཞིག་དང་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཐུབ་ཐབས་ལ་དགེ་རྒན་རྣམས་ཀྱིས་ཤུགས་རྒྱག་དགོས་པའི་ལམ་སྟོན་དང་ཐུགས་རེ་གནང་བ་དང། དེ་བཞིན་སློབ་མ་ཚོའི་ལུས་སེམས་ཀྱི་དཀའ་ངལ་ལ་ཉན་འཇོག་དང་ཐབས་མཁས་པོས་སློབ་མའི་ཀུན་སྤྱོད་ལེགས་ལམ་དུ་བཀྲི་གལ་ཆེ་བའི་སྐོར་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་བསྩལ་བ་དང། མཐར་འདུས་པ་ཡོངས་མཉམ་དུ་དྲན་རྟེན་སྐུ་པར་སྒྲོན་ཏེ་མཛད་སྒོ་ལེགས་པར་གྲུབ་བོ།།

མཛད་སྒོའི་ཡུལ་དངོས་ཀྱི་པར་རིས་འགའ།

སྐུ་མགྲོན་དང་དགེ་སློབ་མཉམ་སྒྲོན་འདྲ་པར།
རི་མོ་དང་བོད་ཡིག་དགེ་རྒན་གཅིག་ལྕོག་བསྟན་འཛིན་ཕྲིན་ལས་ཀྱིས་མཛད་རིམ་སྙན་སྒྲོན་ཞུ་བཞིན་པ།
དབྱིན་ཡིག་དགེ་རྒན་ཚེ་དབང་ལྷ་མོས་གཞས་སྣ་གཟིགས་འབུལ་གྱི་མདོ་འཛིན་གནང་བཞིན་པ།
བོད་ཡིག་དགེ་རྒན་བརྩོན་འགྲུས་སེངྒེས་ཐུགས་རྗེ་ཆེའི་གསུང་བཤད་གནང་བཞིན་པ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *