༈ མཁྱེན་བརྩེ་ཐེབས་རྩ་དང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཉིས་མཉམ་འབྲེལ་གྱིས་ས་གནས་རྒྱ་གར་ཡུལ་མིར་རིན་མེད་སྨན་བཅོས་བྱས།
དེ་ཡང་སྤྱི་ལོ་2012ལོ་ནས་འགོ་བཙུགས་ཏེ་མཁྱེན་བརྩེ་ཐེབས་རྩ་དང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཉིས་མཉམ་འབྲེལ་གྱིས་ལོ་རེ་བཞིན་ས་གནས་མི་མང་གི་ཆེད་དུ་རིན་མེད་སྨན་བཅོས་དང། ཁོར་ཡུག་གཙང་བཟོའི་ལས་འགུལ་སོགས་སྤེལ་ཏེ་ས་གནས་མི་མང་དང་ཁོར་ཡུག་ལ་ཞབས་ཞུ་གང་ཐུབ་སྒྲུབ་ཀྱི་ཡོད་པའི་ཁོངས་ནས། ད་ལོའི་རིན་མེད་སྨན་བཅོས་ཞབས་ཞུ་དེ་ཅཱོན་ཏ་རའི་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་ཁང་དུ་སྤྱི་ལོ་2018ཟླ་བ་12ཚེས་26ནས་ཚེས་30བར་ཉིན་གྲངས་ལྔ་ཡི་རིང་ལ་ཞུས་ཡོད་པ་དང། འདི་ནི་ས་གནས་རྒྱ་གར་ཡུལ་མིར་རིན་མེད་སྨན་བཅོས་ཞབས་ཞུ་ཐེངས་བདུན་པ་དེ་ཆགས་ཀྱི་ཡོད།
ཐེངས་འདིའི་རིན་མེད་སྨན་བཅོས་ཞབས་ཞུར་ཕྱི་ལུགས་སྨན་པ་ཨ་བྷི་ཤེག•ཤར་མ་(Dr.Abhishek Sharma)ལགས་དང། སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་ངག་དབང་དཔལ་མོ་ལགས་རྣམ་གཉིས་གདན་དྲངས་ཏེ་ཉིན་ལྔ་ཡི་རིང་ལ་ནད་གཞི་བརྟག་དཔྱད་དང་འཕྲོད་བསྟེན་ལམ་སྟོན། དེ་བཞིན་གསོལ་སྨན་བཅས་རིན་མེད་ངང་ཕུལ་བ་དང། ད་དུང་ལོ་ན་ཐོ་བ་དང་ན་ཚའི་རྐྱེན་གྱིས་སྨན་པ་བསྟེན་དུ་འགྲོ་མི་ཐུབ་མཁན་རྣམས་ཀྱི་ཆེད་དུ་རླངས་འཁོར་ཡང་གོ་སྒྲིག་ཞུས།
ཐེངས་འདིར་སྨན་པ་བསྟེན་གཏུག་བྱེད་དུ་ཡོང་མཁན་ས་གནས་རྒྱ་གར་ཡུལ་མི་གྲངས་608བྱུང་ཡོད་པ་དང། དེ་དག་ལས་གཅིན་པ་མངར་འགྱུར་གྱི་ནད་པ་དང། ཕོ་བ་ནད་པ། པགས་ནད་ཅན་སོགས་ནད་གཅོང་གི་རིགས་དང། སྐབས་ཕྲལ་གྱི་ན་ཚ་མགོ་ན་བ། མིག་ན་པ། རྒྱབ་ན་བ། ཆམ་པ་ཕོག་པ་སོགས་ཅི་རིགས་ཡོད་པ་རྣམས་ལ་སོ་སོའི་དགོས་མཁོ་བཞིན་སྨན་སྤྲད་པ་དང། དེ་བཞིན་ལུས་ཟུངས་སྐྱོ་བའི་རིགས་ལ་ལུས་ཟུངས་གསོ་བའི་སྨན་བཅས་སྤྲད་ཡོད་པ་རེད།
རིན་མེད་སྨན་བཅོས་ཞབས་ཞུ་འདིའི་སྐོར་ལ་ས་གནས་ཀྱི་བརྙན་འཕྲིན་བརྒྱུད་ལམ་HP24x7དང་ENTVགཉིས་ཀྱི་སྟེང་དུ་ཡང་གནས་ཚུལ་ཐོན་ཡོད་པ་དང། སྨན་པ་བསྟེན་དུ་ཡོང་མཁན་སྤོ་ལགས་ཤིག་གིས། ཁོང་སྔ་ལོ་ཡང་སྨན་བཅོས་ལས་གཞི་འདིའི་སྨན་པ་བསྟེན་ཏེ་སྨན་བཟས་པ་ཡིན་པས་ཕན་ཐོགས་ཆེན་པོ་བྱུང། ད་ལོ་ཡང་འདིར་སྨན་པ་བསྟེན་དུ་ཡོང་བ་ཡིན། ཞེས་ངོ་སྤྲོད་གནང་བྱུང།
ཐེངས་འདིའི་རིན་མེད་སྨན་བཅོས་ཞབས་ཞུ་དང་འབྲེལ་བའི་བརྙན་དང་པར།
ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།
བསམ་ཚུལ་ཕྲིས།