༈ ཉི་མ་རྒྱལ་མཚན།

 

ཉི་མ་རྒྱལ་མཚན།

 

སྤྱི་ལོ་ ༡༩༧༦ ལོར་འཁྲུངས། སྤྱི་ལོ་ ༡༩༨༦ ལོོར་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། སྤྱི་ལོ་ ༡༩༩༢ ལོར་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ་ནང་ཆོས་སློབ་གཉེར་ལོ་ངོ་གཅིག་ལྷག་གནང། སྤྱི་ལོ་ ༡༩༩༤ ལོར་འཕགས་ཡུལ་བྷིར་རྫོང་སར་བཤད་གྲྭར་སློབ་ཞུགས་མཛད་དེ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་དང་མཁན་རིན་པོ་ཆེ་རིན་ཆེན་ཡབ་སྲས་ཟུང་གི་སྐུ་མདུན་ནས་འཕགས་བོད་ཀྱི་གཞུང་ལུགས་དག་ལ་ལོ་ངོ་བདུན་གྱི་རིང་སློབ་གཉེར་གནང། དེ་རྗེས་སྤྱི་ལོ་ ༢༠༠༢ ལོ་ནས་བཟུང་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེས་འབྲི་གུང་གདན་སར་འཆད་ཁྲིད་མཛད་དགོས་པའི་བཀའ་དགོངས་དང། དགེ་བའི་བཤེས་གཉེན་ཡབ་སྲས་གཉིས་ཀྱིས་ཀྱང་དགོངས་ཁྲོལ་དགྱེས་གནང་མཛད་པ་བཞིན་ད་བར་ལོ་ངོ་བཅོ་ལྔ་ལྷག་ཙམ་རིང་འཆད་ཁྲིད་ཀྱི་ཞབས་ཞུ་བསྒྲུབས། དེ་དག་གི་རིང་བཤད་གྲྭར་དཔེ་ཁྲིད་དང། སྤྱི་ལོ་ ༢༠༠༥ ལོ་ནས་ཞོར་དུ་ནུབ་ཕྱོགས་ཀྱི་སློབ་གཉེར་བ་དང་སྐད་སྒྱུར་བ་ཁག་ཅིག་ལ་སློབ་ཁྲིད་མཛད། སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་ལྟར་དབྱར་དུས་གུང་སེང་དང་བསྟུན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཕྱོགས་ཀྱི་ལས་རིམ་ཆེད་ཕེབས་ཤིང།

 

སྤྱི་ལོ་ ༢༠༡༣ ལོར་འབྲི་གུང་༸སྐྱབས་མགོན་གྱིས་འབྲི་གུང་བཀའ་བརྒྱུད་ཀྱི་གདན་སའི་མཁན་ཆེན་ཁྲི་རབས་གཉིས་པའི་མཚན་གནས་བསྩལ་བ་བཞིན་ལོ་རེར་ཟླ་བ་དྲུག་ཙམ་རིང་བཀའ་བརྒྱུད་མཐོ་སློབ་ཏུ་འཆད་ཁྲིད་དང། ཟླ་བ་གསུམ་རིང་ཡོ་རོབ་འབྲི་གུང་བཀའ་བརྒྱུད་མི་ལ་རས་པའི་ཆོས་ཚོགས་སུ་འབྲི་གུང་༸སྐྱབས་མགོན་མཆོག་གིས་ཆེད་བཙུགས་གནང་བའི་བི་ཀ་མ་ལ་ཤི་ལའི་སྒྲ་སྒྱུར་ཁང་དུ་ཡིག་སྒྱུར་དང་སློབ་ཁྲིད་བཅས་ཀྱི་ཐུགས་འགན་བཞེས། ད་ལྟའི་ཆར་འབྲི་གུང་༸སྐྱབས་མགོན་མཆོག་གིས་གསར་སྐྲུན་གནང་བའི་གཉན་ཡོད་ནང་པའི་དུས་སྟོན་ཆེན་མོའི་ཆོས་ཕྱོགས་ལས་རིམ་ཀྱི་འགན་འཛིན་དང། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་སྤྱི་ཁྱབ་ལྷན་ཁང་གི་ཚོགས་གཞོན་བཅས་ཀྱི་ཐུགས་འགན་བཞེས་བཞིན་ཡོད་དོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *