༈ ཡོངས་དགེ་མི་འགྱུར་རིན་པོ་ཆེ།

ཡོངས་དགེ་མི་འགྱུར་རིན་པོ་ཆེ།

ཡབ་སྤྲུལ་སྐུ་ཨོ་རྒྱན་ཪིན་པོ་ཆེ་དང་ཡུམ་ཆོས་རྒྱལ་གྱི་གདུང་ལ་འཁྲུངས་པ་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༧༥ ལོར་བལ་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་སྒོམ་སྒྲུབ་ལ་སྤྲོ་སྣང་ལྡན་ཞིང་བླ་མ་བཀྲ་ཤིས་རྡོ་རྗེའི་དྲུང་ནས་སྒོམ་ཁྲིད་ཞུས།

དགུང་ལོ་དགུ་ལ་ཡབ་དང་ལྷན་དུ་ན་གྷི་དགོན་པར་ལོ་གཉིས་ལྷག་བཞུགས་ཏེ་ཡབ་ཀྱི་དྲུང་ནས་ཕྱག་རྫོགས་ཀྱི་གདམས་པའི་སྒོམ་ཁྲིད་ཞུས། དགུང་ལོ་བཅུ་གཉིས་ལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཕེབས་ཏེ་སྒྲུབ་བླ་ཚུལ་ཁྲིམས་ཀྱི་དྲུང་ནས་ཆོ་ག་ཕྱག་ལེན་དང་བཀའ་བརྒྱུད་ཀྱི་ཟབ་ཆོས་མང་དུ་ཞུས། དགུང་ལོ་བཅུ་གཉིས་པར་ཏཱའི་སི་ཏུ་རིན་པོ་ཆེས་ཡོངས་དགེ་མི་འགྱུར་སྐུ་ཕྲེང་བདུན་པར་ངོས་འཛིན་དང་ཁྲི་འདོན་མཛད། དགུང་ལོ་བཅུ་གསུམ་པར་ཡབ་དང་ཏཱའི་སི་ཏུ་རིན་པོ་ཆེའི་བཀའ་ཡི་གནང་བ་ཐོབ་པ་བཞིན་དཔལ་སྤུངས་ཤེས་རབ་གླིང་གི་སྒྲུབ་གྲྭར་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཞུགས། ལོ་གསུམ་ཕྱོགས་གསུམ་ཡོངས་སུ་གྲུབ་མཚམས་སྒྲུབ་དཔོན་སྐྱབས་རྗེ་གསལ་བྱེད་རིན་པོ་ཆེ་སྐུ་ཞི་བར་གཤེགས་སྟབས་ཏཱའི་སི་ཏུ་རིན་པོ་ཆེས་དགུང་ལོ་བཅུ་བདུན་ལ་ཕེབས་པའི་སྐྱབས་རྗེ་མི་འགྱུར་རིན་པོ་ཆེར་སྒྲུབ་དཔོན་མཛད་དགོས་པའི་བཀའ་གནང་བ་བཞིན་སྒྲུབ་དཔོན་མཛད། སྤྱི་ལོ་ ༡༩༩༤ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་སློབ་གཉེར་དུ་ཕེབས་ཏེ་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་ཞབས་ལ་གཏུགས་སྟེ་དབུ་མ་དང་ཚད་མ་གཙོས་པའི་གཞུང་ཆེན་ཁག་ལ་ཐོས་བསམ་མཛད། དགུང་ལོ་ཉི་ཤུ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་ཏེ་འགྲོ་དོན་བསྐྱངས། དགུང་ལོ་ཉེར་གསུམ་པར་ཏཱའི་སི་ཏུ་རིན་པོ་ཆེའི་སྐུ་མདུན་ནས་བསྙེན་པར་རྫོགས། སྔ་ཕྱིར་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྨྱོ་ཤུལ་མཁན་རིན་པོ་ཆེ་སོགས་ལས་གསར་རྙིང་གི་གདམས་པ་མང་དུ་མནོས།

 

སྐུ་ན་གཞོན་དུས་ནས་ཀླད་ཁམས་རིག་པའི་ཚན་རིག་པ་ Francisco Varelaདང་ལྷན་དུ་བགྲོ་གླེང་མཛད་མྱོང། སྤྱི་ལོ་ ༢༠༠༢ ལོར་ཝེ་སི་ཁོན་སིན་གཙུག་ལག་སློབ་གྲྭའི་ཀླད་པའི་འགུལ་སྐྱོད་དང་རྣམ་འགྱུར་ཞིབ་འཇུག་ལྟེ་གནས་ཁང་དུ་ཆེད་དུ་གདན་ཞུ་གནང་སྟེ་ཀླད་པར་སྒོམ་གྱི་ཤུགས་རྐྱེན་ཅི་ཐེབས་ཀྱི་སྐོར་ནས་ཞིབ་འཇུག་བྱས་ཏེ་ཞིབ་འཇུག་སྙན་ཐོ་རྒྱལ་སྤྱིའི་ས་ཁམས་དང་དུས་བབ་ཅེས་པ་སོགས་གོ་ལ་རང་བཞིན་གྱི་བརྒྱུད་ལམ་ཁག་ཏུ་བཏོན། དེ་ནས་ཧ་ཝར་ཌི་དང་ཨེམ་ཨའེ་ཋི་སོགས་ཀྱི་ཞིབ་འཇུག་ལྟེ་གནས་ཁང་ཁག་ཏུ་ཡང་ཞིབ་འཇུག་བྱས། འཛམ་གླིང་གི་མི་སྐྱིད་ཤོས་ཀྱི་མཚན་སྙན་བླངས། སྤྱི་ལོ་ ༢༠༡༡ ལོར་དགོན་པ་ནས་གསང་སྟབས་ཀྱིས་ཕེབས་ཏེ་རྣལ་འབྱོར་པའི་ཚུལ་གྱིས་ལ་ཕྱི་སོགས་སུ་ལོ་ངོ་བཞི་ལྷག་ལ་སྒྲུབ་པ་མཛད། རིན་པོ་ཆེས་མུ་མཐུད་དེ་ནུབ་ཕྱོགས་ཚན་རིག་དང་ནང་ཆོས་ཀྱི་བར་ལ་ཞིབ་འཇུག་རང་བཞིན་གྱི་བགྲོ་གླེང་མཛད།

 

ཁོང་ནི་སེམས་དང་སྲོག་གི་སློབ་གཉེར་ཁང་གི་སློབ་སྟོན་པ་དང་དབང་རྩ་དང་སྒོམ་གྱིས་དངོས་ཁམས་ལ་ཤུགས་རྐྱེན་ཞེས་པའི་ཞིབ་འཇུག་གི་ལས་གཞིའི་ཚོགས་མི་ཡིན། གདན་ས་དཔལ་སྤུངས་ཤེས་རབ་གླིང་ལ་ཕྱག་ལས་ཐུགས་འགན་བཞེས་པའི་ཐོག་ཏུ་ཁོང་གི་དགོན་པ་བལ་ཡུལ་གཏེར་སྒར་འོད་གསལ་གླིང་དང་རྡོར་གདན་གཏེར་སྒར་རིག་འཛིན་མཁའ་འགྲོ་མཐའ་ཡས་གླིང་ལ་ཡང་གཟིགས་རྟོག་མཛད་བཞིན་པ་དང། ལྷོ་བྱང་ཨ་མི་རི་ཁ་དང་ཨེ་ཤ་ཡའི་ནང་དུ་གཏེར་སྒར་སྒོམ་གྲྭ་ཁག་ལ་ཡང་ཡང་ཕེབས་ཏེ་འཆད་ཁྲིད་མཛད་བཞིན་ཡོད། དེ་བཞིན་ཁོང་གིས་ནེའུ་ཡོག་དུས་བབ་ཀྱིས་བྲིན་ཁ་རྒྱུགས་ཤོས་ཀྱི་དཔེ་དེབ་མིང་ཐོར་གཏོན་ཞིང་སྐད་ཡིག་མི་འདྲ་བ་ཉི་ཤུ་ལྷག་གི་ནང་བསྒྱུར་པའི་དེབ་<<འཚོ་གནས་ཀྱི་སྤྲོ་བ། བདེ་སྐྱིད་ཀྱི་ཚན་རིག་དང་གསང་བའི་སྒོ་འབྱེད་པ།>>དང། <<སྤྲོ་སྣང་གིས་གང་བའི་ཤེས་རབ། འགྱུར་བ་དང་ལེན་དང་རང་དབང་འཚོལ་བ།>> ཞེས་པ་སོགས་ཕྱག་དེབ་གྲགས་ཅན་ཁག་ཅིག་བརྩམས་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *