ཁམས་བྱེ་རྫོང་སར་བཤད་གྲྭ་ཆེན་མོ།

༄༅། །བོད་ཁམས་བྱེ་རྫོང་སར་བཤད་གྲྭ་ཆེན་མོ་ཇི་ལྟར་བྱུང་ཚུལ།

 

ཁམས་བྱེ་རྫོང་སར་བཤད་གྲྭ་ལྔ་རིག་ཐུབ་བསྟན་སློབ་གླིང།

དེ་ཡང་གངས་ལྗོངས་མདོ་ཁམས་ས་ཡི་ཐིག་ལེ། སྨན་ཤོད་རྫོང་སར་བཤད་གྲྭ་ཆེན་མོ་ཁམས་ཀྱི་བྱེ་མ་ཐང་རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་བྱ་བའི་ཆོས་སྡེ་ཆེན་པོ་ནི། མཁྱེན་བརྩེ་སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (༡༨༢༠-༡༨༩༢) མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་ས་འདུལ་དང་གཙུག་ལག་ཁང་བཞེངས་ཏེ། མཚན་བཏགས། རྨང་གཞི་བཏིང་བ་ལ། སྐུ་ཐོག་གཉིས་པ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (༡༨༩༢-༡༩༥༩) ཕྱོགས་དུས་ཀུན་ཁྱབ་ཏུ་སྤེལ་བར་མཛད་པ་སྟེ། དེ་ཡང་ཁམས་བྱེའི་ལྷ་ཁང་ཐོག་མར་བཞེངས་སྐབས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་མངགས་ལྟར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་ (༡༨༡༣-༡༨༩༩) མཆོག་གིས་ཆིབས་རྟར་བཅིབས་ཏེ་ཉིན་གཅིག་རིང་འབོ་ཡོ་ནས་རྩེ་གདོང་ནང་བར་ཡར་མར་ཕེབས་ཏེ་ཐུགས་དཔྱད་གནང་མཐར། ལྷ་ཁང་བཞེངས་པའི་ས་གནད་རྟེན་འབྲེལ་གྱི་དགེ་མཚན་ཁམས་བྱེར་ལེགས་པར་མཁྱེན། དེ་ཡང་ས་ཡི་དཔྱད་ལ་བཀག་ནགས་ཀྱི་རི་སྣ་ཐུར་རྒྱུག་ཕག ཧག་མདའི་གཡས་རི་བྱ། རྩེ་གདོང་གི་རི་སྣ་སྦྲུལ་གྱི་རྣམ་པ་བཅས་ཆགས་སྡང་རྨོངས་གསུམ་མཚོན་པ་དེའི་ཟློག་བྱེད་ལྷ་ཁང་དུ་རིགས་གསུམ་གྱི་སྐུ་གསུམ་བཞེངས་ཏེ་ཞལ་དེར་ཕྱོགས་ནས་བཞུགས་སུ་གསོལ་བར་བརྟེན་བསྟན་འཛིན་གྱི་སྐྱེས་བུ་མང་པོ་འབྱོན་པའི་རྟེན་འབྲེལ་འགྲིག ཀོང་སྤྲུལ་རིན་པོ་ཆེས་ས་དཔྱད་གནང་སྐབས། ཆུ་ཕ་རོལ་ཧག་མདའི་གཡས། བྱོ་ལུ་ཚང་ཞེས་པའི་དུད་ཚང་ཡོད་པའི་ས་དིལ་རྩེ་དེ་ནས་ཚུར་གཟིགས་པ་ན་ཁམས་བྱེའི་རྒྱབ་རི་སྡེ་དགེ་རྩེར་ཞེས་དུར་ཁྲོད་ཡོད་ས་དེ་ནས་མར་སྤྲེའུ་གསུམ་བྱུང་སྟེ། ཁམས་བྱེའི་ལྷ་ཁང་བཞེངས་ས་དེར་ཕན་ཚུན་རྩེད་མོ་དང་མི་ལྟར་ཡར་ལངས་ཏེ་བྲོ་རྡུང་བའི་རྣམ་པ་སོགས་འགའ་བྱས་ནས་ཡར་རི་ལ་སོང་བ་ཞིག་དེར་ཡོད་དཔོན་སློབ་ཐམས་ཅད་ཀྱིས་གཟིགས་པ་ན། འཇམ་མགོན་རིན་པོ་ཆེའི་ཞལ་ནས། ད་ས་ཆ་གཞན་འཚོལ་མི་དགོས། ལྷ་ཁང་བཞེང་ས་ཕ་གི་སྤྲེའུས་བྲོ་འཁྲབ་ས་དེར་ཡིན་གསུངས་ཏེ་ཐུགས་ཐག་བཅད་པ་ལྟར་ས་ཆ་གཏན་འཁེལ། ས་ཕྱོགས་དེར་དེ་སྔ་གཏན་ནས་མེད་པའི་སྤྲེའུ་གསུམ་པོ་ནི། རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པར་བརྟེན། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ལྷ་ཁང་གི་རྟེན་གྱི་གཙོ་བོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རིགས་གསུམ་གྱི་ལུགས་སྐུ་ཁྱད་འཕགས་ཚད་ལྡན་རེ་ཐོག་མར་བཞེངས་ཏེ། ལྷ་ཁང་གི་མཚན་ལ་རིགས་གསུམ་སྤྲུལ་པའི་གཙུག་ལག་ཁང་བཤད་སྒྲུབ་དར་རྒྱས་གླིང་ཞེས་བཏགས། ལྷ་ཁང་རྟེན་བཅས་བཞེངས་ཟིན་པ་ན་མཁྱེན་བརྩེ་དབང་པོའི་སྐུ་ཚེའི་སྨད་ནས་སྦྱོར་འཇགས་གནང་བའི་རྒྱུན་མཆོད་དཀོར་གཉེར་བཅས་རྫོང་སར་དགོན་གཞུང་དབྱར་གནས་བཞུགས་རན་ཁར་ལོ་ལྟར་བཞིན་རྡུལ་ཚོན་ལ་བརྟེན་པའི་རིགས་གསུམ་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་མཆོད་དངོས་སྟ་ཅན་ཉིན་བདུན་མཐར་ལས་བཞིའི་སྦྱིན་སྲེག་དང་ཁྲོམ་དབང་བཅས་ཇི་སྲིད་བར་བཞུགས། རིགས་གསུམ་གྱི་ལྷ་ཁང་དེར་བཤད་གྲྭ་མ་ཚུགས་བར། དགེ་རབ་མདའ་པ་ཞེས་སྨན་ཤོད་ཀྱི་སྡེ་ཤོག་ཁག་གཅིག་གིས་ལོ་ལྟར་བཞིན་སྨྱུང་གནས་ཆ་བརྒྱད་རེ་རྟེན་རྩ་སྦྱོར་འཇགས་ཀྱིས་བླ་གྲྭ་བརྒྱད་རེ་གདན་དྲངས་ཏེ། སྐྱེ་བོ་ཕོ་མོ་ཅི་འཛོམས་སྤྱི་སྒྲུབ་ཀྱི་རྒྱུན་སྲོལ་ཡོད་པར་དེའི་ཚོགས་ཁང་ཡང་བྱས། བཤད་གྲྭ་ཚུགས་རྗེས་སྨྱུང་གནས་ལྷ་ཁང་རི་ཁུག་དེར་ཟུར་དུ་བཞེངས།

བཤད་གྲྭ་ནི་སྤྱི་ལོ་ ༡༩༡༧ མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དགུང་ལོ་ཉེར་དྲུག་ལ་ཕེབས་པའི་རབ་བྱུང་བཅོ་ལྔ་པའི་ས་རྟ་ལོར་རྟེན་དང་རྟེན་པ་བཅས་དངོས་སུ་ཚུགས། དེར་གྲུབ་མཐའ་རིས་མེད་དང༌། ཕྱོགས་འདུས་དོན་གཉེར་གང་ཆེ་དུས་ཐོག་ཏུ་ཚད་གཞི་ལྟར་ཞུགས་ཆོག་རྒྱུ་དང༌། འཆད་ཉན་བྱ་རྒྱུ་ནང་རིག་སྡེ་སྣོད་ཀྱི་དགོངས་འགྲེལ་རྒྱ་གཞུང་གཙོ་བོ་ལ་བོད་གཞུང་གིས་རམ་འདེགས་བྱ་རྒྱུ་སྟེ། ཡོངས་གྲགས་རྩ་པོད་དབུ་ཕར་འདུལ་མངོན་བཞི་ལས་ཕྱེ་བའི་གཞུང་ཆེན་བཅུ་གསུམ་ཁར། ཚད་མའི་སྐོར་ལ་ཚད་མ་ཀུན་བཏུས་དང་རྣམ་འགྲེལ་གཉིས། གསུང་རབ་སྤྱི་འགྲེལ་སྐོར་ལ་ཚད་མ་རིགས་གཏེར་དང༌། སྡོམ་གསུམ་རབ་དབྱེ། གཞུང་ལུགས་ལེགས་བཤད། ལེགས་བཤད་རིན པོ་ཆེའི་གཏེར། སྒྲ་རིག་དབྱངས་ཅན་སྒྲ་མདོ། སྙན་ངག་མེ་ལོང་མ་བཅས་པ་ལ་འཆད་ཉན་གྱི་རྒྱུན་ལེགས་པར་བཞུགས།

མཁན་རབས་དང་པོ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་གདན་དྲངས་པ་ནས་དུས་འགྱུར་མ་བྱུང་བར་དུ་མཁན་རབས་དགུ་བྱོན། དུས་འགྱུར་གྱི་རྗེས་སུ་སྤྱི་ལོ་ ༡༩༨༦ ཙམ་ལ་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ཕྱག་བྲིས་བསྐུར་ནས་མཁན་རིན་པོ་ཆེ་པདྨ་དམ་ཆོས་གདན་དྲངས་ཏེ་བཤད་གྲྭ་ཞིག་གསོ་མཛད་པ་ནས་ད་བར་དུ་མཁན་རབས་བཞི་བྱོན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་རྒྱུན་ལེགས་པར་སྐྱོང་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *