༈ ཆོས་དབྱིངས་རྡོ་རྗེ།

ཆོས་དབྱིངས་རྡོ་རྗེ།

དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་སྦྱངས། གླེ་མདའ་བྱང་ཆུབ་རྡོ་རྗེ་བསྟེན་ཞིང་དབང་ཁྲིད་མང་པོ་ཐོབ། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་སྒིས་བླ་རིན་པོ་ཆེའམ་ངག་དབང་ཆོས་འཕེལ་བཟང་པོའི་སྐུ་མདུན་དུ་རབ་ཏུ་བྱུང། ཁྲོམ་ཐར་མཁན་ཆེན་ཡེ་ཤེས་བཟང་པོའི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་དང་སྒྲུབ་ཐབས་ཀུན་བཏུས་ཞུས་ཤིང། མཁན་ཆེན་དེ་ཉིད་ཀྱི་བཀའ་དང། སྔོན་ནས་ཕ་ཡི་ཁ་ཆེམས་དང་རང་གི་དམ་བཅའ་བཞིན་སྤྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཤིང། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ཡབ་སྲས་ཀྱི་ཞབས་ལ་བཏུག་སྟེ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད། ༸གོང་ས་སྐྱབས་མགོན་ཆེན་པོ། ༸སྐྱབས་མགོན་གོང་མ་རིན་པོ་ཆེ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་འཁོར་དབང་ཆེན་དང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པས་མཚོན་དབང་དང་གདམས་པ་མང་དུ་ཞུས།

སྤྱི་ལོ་ ༡༩༩༩ ལོར་སྐྱོར་དཔོན་དང། སྤྱི་ལོ་ ༢༠༠༡ ལོར་དཔེ་ཁྲིད་དགེ་རྒན་དུ་བསྐོས། སྤྱི་ལོ་ ༢༠༠༢ ལོར་མཁན་རིན་པོ་ཆེས་བཤད་གྲྭའི་མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་མཁན་པོའི་ཁྲི་འདོན་མཛད་དེ་བཤད་གྲྭའི་མཁན་ཆུང་གི་མཚན་གནས་བསྩལ། སྤྱི་ལོ་ ༢༠༠༤ ལོར་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་༸གོང་ས་སྐྱབས་མགོན་ཆེན་པོའི་ཕྱག་ནས་མཁན་པོའི་ཕྱག་འཁྱེར་བསྩལ། སྤྱི་ལོ་ ༢༠༠༥ ལོར་བཤད་གྲྭས་མ་ལེ་ཤེའི་རྫོང་སར་ཆོས་ཚོགས་ཀྱི་མཁན་པོར་བསྐོས། སྤྱི་ལོ་ ༢༠༠༦ ལོ་ནས་སིངྒ་པུར་ལ་དབྱིན་སྐད་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༨ ལོར་མཁན་རིན་པོ་ཆེའི་བཀའ་བཞིན་བཤད་གྲྭར་ཕྱིར་ཕེབས། སྤྱི་ལོ་ ༢༠༠༩ ལོར་ས་སྐྱ་གོང་མ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཕུན་ཕོའི་གདུང་སྲས་ཨ་བྀ་ཀྲི་ཏ་བཛྲ་རིན་པོ་ཆེའི་ཡོངས་འཛིན་བྱ་དགོས་ཞེས་བཀའ་ཡིག་རིན་པོ་ཆེ་གནང་སྩོལ་བྱུང་བ་ལྟར་དེ་ལོ་ནས་བཟུང་གདུང་སྲས་རིན་པོ་ཆེའི་ཡོངས་འཛིན་མཛད། སྤྱི་ལོ་ ༢༠༡༡ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ཨ་རིའི་གཙུག་ལག་སློབ་ཆེན་བྷར་ཁེ་ལི་( University of Berkeley) ལ་མཁས་དབང་ལྟ་སྐོར་གྱི་མིང་ཐོག་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་དུ་བཏང། སྤྱི་ལོ་ ༢༠༡༣ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཤད་གྲྭའི་ལས་ཐོག་མཁན་པོ་རུ་བསྐོས་ཤིང་ལོ་གསུམ་རིང་ཐུགས་འགན་འཁུར་དགོས་པའི་བཀའ་ཕེབས་པ་བཞིན་བཤད་གྲྭའི་ལས་ཐོག་མཁན་པོ་མཛད། སྤྱི་ལོ་ ༢༠༡༤ ལོར་ཡོ་ རོབ་ཨོ་སི་ཊི་ར་ཡའི་གཙུག་ལག་སློབ་གྲྭ་ཝེར་ཎས་(University of Vina) གདན་ཞུས་བྱུང་ལྟར་ཕེབས་པ་མ་ཟད། རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ཞུགས་ཤིང་། གཏམ་བཤད་ཀྱང་མཛད། མདོར་ན་སྤྱི་ལོ་ ༡༩༩༩ ལོ་ནས་བཟུང་ད་བར་དུས་ཚོད་ཕལ་ཆེར་བ་རྫོང་སར་བཤད་གྲྭར་འཆད་ཁྲིད་མཛད་དེ་བཞུགས་ཤིང། སྔ་ཕྱིར་ནུབ་ཕྱོགས་པས་མཚོན་པས་དེང་དུས་ཀྱི་ནང་ཆོས་དགེ་རྒན་རྣམས་ལ་དགེ་རྒན་ཟབ་སྦྱོང་སྤྲད་པ་སོགས་ཕྱི་རྒྱལ་ཁག་ལ་ཡང་ནང་ཆོས་སློབ་ཁྲིད་མཛད་དང་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *