༈ ཕུན་ཚོགས་སྟོབས་འབྱོར།

ཕུན་ཚོགས་སྟོབས་འབྱོར།

སྤྱི་ལོ་ ༡༩༦༣ ལོར་འཁྲུངས། དགུང་ལོ་བདུན་གྱི་ཐོག་དཱི་རཱ་དུན་སྨིན་གྲོལ་གླིང་དགོན་པར་ཆོས་ཞུགས་མཛད། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་སློང་གི་བསླབ་སྡོམ་མནོས། སྤྱི་ལོ་ ༡༩༨༣ ནས་ ༡༩༩༢ བར་འཕགས་ཡུལ་རྫོང་སར་བཤད་གྲྭར་གཞུང་ཆེན་ཁག་ལ་སློབ་གཉེར་མཛད། སྤྱི་ལོ་ ༡༩༨༧ ལོར་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་སྐྱོར་དཔོན་དུ་བསྐོས་གནང་བ་བཞིན་ལོ་ངོ་ལྔར་ཞབས་ཞུ་བསྒྲུབས། སྤྱི་ལོ་ ༡༩༩༣ ལོར་མཁན་ཆེན་ཀུན་དགའ་དབང་ཕྱུག་དང་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་མཁན་པོའི་མཚན་གནས་བསྩལ་ཅིང་ལོ་དེ་ག་རང་དུ་འབྲུག་བདེ་བ་ཐང་བཤད་གྲྭ་ཆོས་ཀྱི་རྒྱ་མཚོའི་མཁན་པོར་བསྐོས་པ་དང། དེ་གར་ལོ་ངོ་ལྔ་ཙམ་རིང་འཆད་ཁྲིད་མཛད།

 

སྤྱི་ལོ་ ༡༩༩༨ ལོར་བལ་ཡུལ་ཡང་ལེ་ཤོད་དུ་མཚམས་ལ་བཞུགས་ཤིང་སྤྱི་ལོ་ ༡༩༩༩ ལོར་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་གདན་ཞུས་བཞིན་ཐེ་ཝན་ཞེ་ཆེན་ཆོས་ཚོགས་སུ་ཕེབས་ཏེ་ལོ་ངོ་བཅུ་གཉིས་ལྷག་ལ་དམ་ཆོས་འཆད་སྤེལ་མཛད་དེ་བཞུགས་པ་དང། ཐེ་ཝན་དུ་བཞུགས་རིང་ཆོས་འཆད་སྤེལ་ཙམ་མ་ཟད་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་གསུང་རྩོམ་དུ་མ་རྒྱ་ཡིག་ཏུ་ཡིག་སྒྱུར་དང་དཔེ་སྐྲུན་བྱེད་པར་རོགས་དན་མཛད། སྤྱི་ལོ་ ༢༠༠༤ ལོར་བལ་ཡུལ་ཞེ་ཆེན་དགོན་པར་ཐེ་ཝན་རྒྱལ་ས་ཐེ་པེར་ཆོས་ཚོགས་འཛུགས་པའི་རོགས་རམ་གནང། སྔ་ཕྱིར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ།   དེ་བཞིན་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་དང་གདམས་པ་མང་དུ་ཞུས་ཡོད་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *