༈ བྱང་སེམས་ཀྱི་ཕན་ཡོན་ལུང་རིགས་ཀྱིས་བསྟན་པ་རྒྱལ་སྲས་ལམ་བཟང་།

 

____ ཀུན་དགའ་བསམ་འགྲུབ། འཛིན་གྲྭ་དང་པོ།

 

གང་ཞིག་ཐོས་ན་རྣ་བའི་བདུད་རྩི་དང་། །གོམས་ན་ཡིད་ལ་བདེ་བ་སྟེར་ནུས་ཤིང་། །

མཐར་ཐུག་སངས་རྒྱས་ཐོབ་པར་བྱེད་པ་ཡི། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

 

ཞེས་གུས་ཕྱག་སྔོན་དུ་ཕུལ་ཏེ་གང་ཞིག་གླེང་བར་བྱ་བ་ནི། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་དང་༸དཔལ་ན་ལེན་དྲིའི་པན་གྲུབ་བཅུ་བདུན་གཉིས་ཀའི་ཁོངས་སུ་བགྲང་བཞིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ས་བཅད་བཞི་མ་ལེའུ་བཅུ་ཡི་བདག་ཉིད་ཅན་གྱི་བསྟན་བཅོས་དེ་ཉིད་ལ་ས་བཅད་དང་པོ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པ་སྐྱེད་པར་བྱེད་པའི་ལེའུ་གསུམ་གྱི་ནང་གསེས་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་སྐོར་མདོར་ཙམ་འབྲི་རྒྱུ་ཡིན།

དེ་ཡང་ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་ཞུ་བ་ལས། དང་པོ་ལུང་གི་སྒོ་ནས་ཀྱང་གཉིས་ཏེ་མི་དགེ་བའི་ལས་བཅོམ་ཚུལ་དང་དགེ་བའི་ལས་སྤེལ་ཚུལ་ལོ།

དང་པོ་ནི། བློ་གྲོས་མི་ཟད་པ་བསྟན་པའི་མདོ་ལས། རིགས་ཀྱིི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་པའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ཡང་དག་པར་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་པའོ། །ཞེས་དང་། ཡང་སྡོང་པོ་བཀོད་པའི་མདོ་ལས། ཉེས་པར་བྱས་པ་ཐམས་ཅད་བསྲེག་པའི་བསྐལ་པའི་མེ་ལྟ་བུའོ། །ཞེས་སོགས་དཔག་ཏུ་མེད་དོ། །

   གཉིས་པ་དགེ་བ་སྤེལ་ཚུལ་ནི། དཀོན་མཆོག་གི་ཟ་མ་ཏོག་ལས། འཇམ་དཔལ་འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞི་བཟུང་ནས་རྣམ་པར་འཕེལ་བའོ། །དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་ན་རྣམ་པར་འཕེལ་ལོ་ཞེས་དང་། ཡང་སྡོང་པོ་བཀོད་པའི་མདོ་ལས། མགོན་པོ་བྱམས་པ་གཞོན་ནུ་ནོར་བཟང་ལས། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པའི་ཞིང་ལྟ་བུའོ། །ཞེས་སོགས་མང་དུ་མཆིས་ཀྱང་ཡི་གེ་མང་བར་དོགས་པས་འདིར་འདི་ཙམ་མོ། །

   གཉིས་པ་རིགས་པས་སྒྲུབ་པ་ལ་གཉིས་ཏེ། ལུང་ལ་བརྟེན་པའི་སྒོ་ནས་རིགས་པས་སྒྲུབ་པ་དང་། རང་གི་བསམ་ཚུལ་གྱི་སྒོ་ནས་རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ནི། རང་ཉིད་ཁོ་ནའི་དོན་དུ་སྐྱེས་བུ་གང་ཞིག་གིས་ཉིན་ཞག་གཅིག་ལ་བསྙེན་གནས་ཀྱི་སྡོམ་པ་བླངས་ཏེ་ཚུལ་བཞིན་སྲུང་བས་ཕྱི་མ་སུམ་ཅུ་རྩ་གསུམ་པའི་གནས་སུ་སྐྱེ་བར་གསུང་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་སྒོ་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ལ་སྨོན་པ་དང་དེའི་རྒྱུ་ལམ་ལ་དམ་བཅས་ཤིང་ཕྱིན་ཅི་མ་ལོག་པར་ཉམས་སུ་ལེན་ན་ཕན་ཡོན་ཚད་མེད་པར་ཡོད་པ་ནི་གདོན་མི་ཟ་སྟེ་མདོ་ལས།  བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་སོ། །

   གཉིས་པ་བསམ་ཚུལ་དང་འབྲེལ་ཏེ་རིགས་པས་བསྒྲུབ་ན། སྤྱིར་བདག་ཅག་གི་སྟོན་པས་ཆོས་ཕུང་བརྒྱད་ཁྲི་སྟོང་ཐམས་ཅད་བདག་གཅེས་འཛིན་གྱི་བློ་འཇོམས་བྱེད་ཀྱི་ཐབས་ཤེས་སུ་གསུངས་ཤིང་དེ་དག་ལས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་སེམས་རིན་པོོ་ཆེ་ཡིན། དེ་ཡང་དེེང་སང་སྙིགས་མ་ལྔ་བདོ་བའི་དུས་འདིར་ནད་དང་མུག་གེ་དམག་འཁྲུག་སོགས་མདོོོར་ན་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་བདེ་བ་རླག་བྱེད་རྒྱུ་གཙོ་བོ་དེ་ཡང་འདོད་རྔམ་དང་དེ་ཡང་བདག་གཅེས་འཛིན་ལས་བྱུང་བ་མངོན་སུམ་གྱིས་གྲུབ་པས་ན་དེའི་དོན་དུ་བདག་ཅག་གི་སྟོན་པས་གསུང་པའི་བྱང་ཆུབ་སེམས་འདི་ཉིད་ཉམས་སུ་བླངས་ན་བདག་གཅེས་འཛིན་གྱི་བློ་དེ་འཇོམས་ནུས་ཤིང་། གཞན་གཅེས་འཛིན་གྱི་བློ་ཡང་རིམ་གྱིས་སྐྱེ་འོང་། དེ་ལྟར་བྱུང་ན་གནས་སྐབས་མི་མཐུན་པའི་རྐྱེན་ངན་མཐའ་དག་ལས་གྲོལ་ནུས་ཤིང་མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་རིན་པོ་ཆེ་ཐོབ་པར་སྨོས་ཅི། མདོར་བསྡུས་ན་ཁྱད་དུ་འཕགས་ཤིང་ཡོན་ཏན་གྱི་མཛོད་འཛིན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་ནི་འདི་ཙམ་མོ་ཞེས་བདག་འདྲ་སོ་སྐྱེ་ཤིག་གིས་ཚད་གཞལ་དུ་ག་ལ་རུང་ཏེ་དཔེར་ན། རྒྱ་མཚོ་ཆེན་པོའི་གཏིང་མཐའ་བཞིན་ནོ། །འོན་ཀྱང་དེ་དག་ལས་ཆུ་ཐིགས་ཙམ་ཞིག་བྲིས་པ་འདིར་ནོར་བ་དང་འཁྲུལ་པ་ཡོད་ངེས་པས་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱན་སྔར་བཤགས་ཤིང་ལེགས་ཚོགས་དགེ་བ་ཅུང་མཆིས་ན་བདག་གཞན་སེམས་ཅན་ཀུན་གྱི་རྒྱུད་ལ་བཅོས་མིན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྒྱུ་རུ་གྱུར་ཅིག

 

སླར་སྨྲས།

འདི་ལྟར་བགྱིས་པའི་དགེ་བ་འདི་དང་། །དུས་གསུམ་བསགས་པའི་དགེ་རྩའི་ཚོགས་ཀྱིས། །

བདག་གཞན་རྒྱུད་ལ་བཅོས་མ་མིན་པའི། །བྱང་ཆུབ་སེམས་མཆོག་སྐྱེ་བར་གྱུར་ཅིག །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *