སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཏུ་ཁས་བླངས་པའི་ཕྱོགས་སྔ་མ་ལ་འཕངས་པའི་གནོད་བྱེད་ཀྱི་རིགས་པའི་གཙོ་བོ་གཉིས་ལས་དང་པོ་ལ་ཅུང་ཟད་དཔྱད་པ།

 

____ པདྨ་དབང་རྒྱལ། འཛིན་གྲྭ་གསུམ་པ།

 

༄༅། །སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཏུ་ཁས་བླངས་པའི་ཕྱོགས་སྔ་མ་ལ་འཕངས་པའི་གནོད་བྱེད་ཀྱི་རིགས་པའི་གཙོ་བོ་གཉིས་ལས་དང་པོ་ལ་ཅུང་ཟད་དཔྱད་པ་ལ། རིགས་པ་དང་པོ་སྟོན་བྱེད་ཀྱི་རྩ་ཚིག་ནི། རྩ་བ་ལས། དེ་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་པར་འགལ། །ཞེས་ཚིག་རྐང་སྔ་མའི་ཚིག་འབྲུ་གསུམ་དང་། ཚིང་རྐང་ཕྱི་མས་བསྟན་པ་ཡིན། དེ་ལ་དང་པོ་གཏན་ཚིགས་འགོད་ན། དོན་སྤྱི་དང་ནི་མེད་སྣང་གཉིས། །དེའི་རྗེས་སུ། ཡུལ་ཡིན་ཞེ་ན་དེ་འཛིན་གྱི། །ཞེས་པས་ཆོས་ཅན་ནི་དོན་གྱི་དོན་སྤྱི་ཡུལ་དུ་བྱས་པའི་ཤེས་པ་རྟོག་པ་དང། མེད་པ་གསལ་བ་སྣང་མཁན་རྟོག་མེད་འཁྲུལ་ཤེས་གཉིས་ཆོས་ཅན་དུ་གཟུང་འོས་སུ་གྱུར་པས་དེ་ཆོས་ཅན་དུ་གཟུང་བར་བྱའོ། །ཐལ་བ་ནི། འཁྲུལ་པར་འགལ། །ཞེས་པའི་རྩ་ཚིག་གིས་མ་འཁྲུལ་བའི་ཤེས་པར་ཐལ་ཞེས་དངོས་སུ་བསྟན་ཡོད། གཏན་ཚིགས་ནི་རང་འགྲེལ་ལས། ཡུལ་ཡོད་པའི་ཕྱིར། ཞེས་པ་ཙམ་མ་གཏོགས་མེད་ལ། འགྲེལ་བྱེད་ཕལ་མོ་ཆེས་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་འགྲེལ་འདུག

  ཡུལ་ཡོད་པའི་ཕྱིར་ཞེས་པ་ཙམ་གྱིས་ཡུལ་འདི་གཟུང་ཡུལ་དུ་གོ་དགོས་པའི་སྒྲུབ་སྒྲུབ་བྱེད་འགྲེལ་བྱེད་མཁན་པོ་རྣམས་ལ་ག་རེ་ཡོད་པ་ཡིན་དཔྱད་དེ། ངས་བསམ་ན་རང་འགྲེལ་དུ་བཤད་པའི་ཡུལ་དེ་མངོན་སུམ་གྱི་ཡུལ་ཞིག་ལ་གོ་དགོས་པ་ནི་ཐལ་ཚིག་གི་སྟོབས་ཀྱིས་ཤེས་རབ་བུལ་མྱུར་གཉིས་ཀས་རྟོགས་ཐུབ། དེ་ཙམ་གྱིས་གཟུང་ཡུལ་ཁོ་ན་ལ་གོ་དགོས་པའི་ངེས་པ་མེད་དེ། དཔེར་ན། གཟུང་ཡུལ་ཁོ་ན་ལ་གོ་དགོས་པའི་རྒྱུ་མཚན་ནི། ངས་རྨོངས་ཚོད་བྱས་ན་མཐུན་དཔེ་བུམ་འཛིན་མིག་ཤེས་བཞིན་ནོ་ཞེས་པས་བསྟན་ཐུབ་བམ་སྙམ། གང་ཡིན་ཞུ་ན། ཁྱབ་པ་སྒྲུབ་ནུས་ཀྱི་མཐུན་དཔེ་ནི་ངེས་པར་དུ་རྟགས་ཆོས་གཉིས་ལྡན་གྱི་ཁྱད་ཅོས་ལྡན་པ་ཞིག་སྤྱིར་བཏང་དགོས་པ་མ་ཟད། ཕ་རོལ་པོས་ཁས་བླངས་པ་ཞིག་ཀྱང་ཡིན་དགོས། ད་ལྟའི་མཐུན་དཔེ་ཡང་ཁྱད་ཆོས་དེ་ལྡན་ཡིན་ཞིང་དེའི་ཡུལ་གཟུང་ཡུལ་ཡིན་པས་དེའི་སྒོ་ནས་ཡུལ་དེ་གཟུང་ཡུལ་ལ་གོ་དགོས་པ་གྲུབ་བོ། །ཞེས་བཀོད་པའི་གཏན་ཚིགས་འདི་ཕྱོགས་སྔ་མ་གཉིས་ཆར་ལ་གནོད་བྱེད་དུ་འགྲོ་འམ་ཞེས་དྲིས་ན། བོད་སྔ་རབས་པས་གཏན་ཚིགས་ནི་ཁས་བླངས་པ་ཡིན་ལ། དེ་དག་གིས་སྣང་ཡུལ་མེད་པའི་ཤེས་པ་མི་འདོད་ཅིང་། དེ་ཡང་གཟུང་ཡུལ་དང་དོན་གཅིག་ཏུ་ཁས་བླངས་པས་སོ། །

ཁྱབ་པ་ནི་ཚད་མས་གྲུབ་པ་མ་ཟད། མཐུན་དཔེ་དེ་རྟགས་ཆོས་གཉིས་ལྡན་དུ་རང་རིག་གིས་ཀྱང་འདོད་པས་དོན་གྱིས་ན་རྗེས་ཁྱབ་གྲུབ་པ་ཡིན། ཕྱོགས་སྔ་མས་མོས་པ་དང་བསྟུན་ནས་བཤད་ན་ཕལ་ཆེར་མ་ཁྱབ་པའི་ལན་སྤྲད་སྲིད་པ་ཡིན། དེ་དག་གི་ལུགས་ལ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་ན་མ་འཁྲུལ་བའི་ཤེས་པ་ཡིན་པས་མ་ཁྱབ་སྟེ། རྟོག་པ་ཐམས་ཅད་གཟུང་ཡུལ་ཅན་དུ་ཁས་བླངས་པ་གང་ཞིག དེའི་ལུགས་ལ་དེ་མ་འཁྲུལ་བའི་ཤེས་པ་མ་ཡིན་པའི་ཕྱིར། འདོད་ལན་ནི་རྣམ་པ་ཀུན་ཏུ་སྤྲད་མི་ཕོད་དེ། བོད་སྔ་རབས་པས་རྟོག་པ་དང་རྟོག་མེད་ལོག་ཤེས་གཉིས་འཁྲུལ་ཤེས་སུ་དངོས་སུ་འདོད་པའི་ཕྱིར། འདོད་ན་ཚད་མས་བསལ་བ་དང། ཁས་བླངས་ཀྱི་བསལ་བ་གཉིས་ཆར་ཞུགས་པས་འདོད་ལན་མི་བྱེད་པ་ནི་ཁོ་ཐག་ཆོད་པ་ཡིན། དེས་ན་རང་གིས་སྔར་ཁས་ལེན་པ་ལྟར་མུ་མཐུད་དེ་བྱས་ན་རིགས་པས་གནོད་པའི་ཕྱིར། བོད་སྔ་རབས་པ་ལ་གནོད་བྱེད་དུ་འགྲོ་བ་ཡིན་ནོ། །

ཉན་ཐོས་མང་བཀུར་བ་རྣམས་ཀྱིས་གཏན་ཚིགས་འདི་ཚིག་ཟིན་ལྟར་དངོས་སུ་ཁས་མི་ལེན་པ་ཡིན་སྙམ། དེ་དག་གི་ལུགས་ལ་ཡུལ་བཞིའི་ཐ་སྙད་དང་གཟུང་ཡུལ་གྱི་རྣམ་གཞག་གཞུང་གང་དུ་ཡང་མི་གསལ་ལོ། །འོན་ཀྱང་གཏན་ཚིགས་ཁས་མ་བླངས་པའི་སྐྱོན་མེད་དེ། དོན་གྱིས་ཁས་བླངས་པའི་ཕྱིར་ཏེ། དེ་དག་གིས་རྟོག་པའི་སྣང་ཡུལ་དོན་སྤྱི་དང་སྒྲ་སྤྱི་སོགས་དང་། རྨི་ལམ་གྱི་ཤེས་པའི་སྣང་ཡུལ་མེད་པ་གསལ་བ་གཉིས་ཆར་དངོས་པོ་ལྡན་མིན་འདུ་བྱེད་རྫས་སུ་གྲུབ་པར་འདོད་པའི་ཕྱིར། དེ་ཁས་བླངས་པས་གཏན་ཚིགས་དོན་གྱི་ཁས་བླངས་པར་ཇི་ལྟར་འགྱུར་ཞེ་ན། ཡུལ་ཡོད་པ་གང་ཞིག་རང་འཛིན་ཤེས་པ་ལས་རྫས་ཐ་དད་དུ་ཁས་བླངས་པས་དེ་ལྟར་འགྱུར་བ་ཡིན།

རང་ལུགས་ལ་ཡུལ་གཞི་གྲུབ་ཅིང་རང་འཛིན་ཤེས་པ་ལས་རྫས་ཐ་དད་དུ་ཡོད་ན་དེ་ནི་གཟུང་ཡུལ་མ་གཏོགས་གཞན་ཁས་ལེན་འོས་མེད་པ་ཡིན། ལྷག་པར་དུ་ཕྱོགས་སྔ་མས་རྟོག་མེད་འཁྲུལ་ཤེས་ལ་ཡུལ་ཡོད་ཅིང། དེ་ཡང་རང་ལས་རྫས་ཐ་དད་ལྡན་མིན་འདུ་བྱེད་ཀྱི་དངོས་པོར་གྲུབ་པ་ཁས་བླངས་པར་ཐུག་ཡོད། རྟོག་མེད་ཀྱི་ཤེས་པ་ཡིན་ཞིང་རང་གི་ཡུལ་ཡོད་ཅིང་རང་ལས་རྫས་ཐ་དད་དུ་གྲུབ་ན་གཟུང་ཡུལ་ཁོ་ན་ཡིན་དགོས་ཏེ། རང་རིག་མངོན་སུམ་གྱི་ཡུལ་ནི་རང་ལས་རྫས་ཐ་དད་དུ་མ་གྲུབ་ཅིང། རྣལ་འབྱོར་མངོན་སུམ་ནི་སྐབས་འདིར་དཔེར་མི་ལོངས་པར་གསུངས་པའི་ཕྱིར་ཏེ། གཞན་རྗེས་ཁྱབ་སོགས་ནི་སྔ་མ་ལྟར་ལས་ཁྱད་པར་མེད་དོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *