རྫོང་སར་མཁྱེན་བརྩེའི་བཀའ་སློབ་དུས་ཐོག་གི་ཆར་བ།
སྙིང་ཐིག་ཡ་བཞིའི་དབང་ལུང་ཞིག་བཏོན་པ་ཡིན་ནམ་ཞེས་དྲིས་བྱུང་ན། བཏོན་པ་ཡིན་ཞེས་པའི་ཐ་སྙད་བཏགས་ཆོག་ཙམ་ཞིག་གྲུབ་པ་ཡིན། དེ་གྲུབ་པའི་མཇུག་ལ་མང་པོ་ཞིག་གིས་ལུང་འདོན་རོགས་གྱིས་ཟེར་བ་ལྟར། མཁྱེན་བརྩེའི་དབང་པོས་ཆོག་བསྒྲིགས་གནང་བའི་སྙིང་ཐིག་སྔོན་འགྲོའི་ལུང་ཞིག་བཏོན་པ་ཡིན། དེ་མ་ཡིན་པའི་ལུང་དེ་དང་འདྲ་བ་མང་པོ་ཞིག་འདོན་རོགས་གྱིས་ཟེར། ཕྱི་རྒྱལ་དང་ནང་རྒྱལ་གཉིས་ཀའི་མི་མང་པོས་རེ་བ་བྱེད་ཀྱི་འདུག་མོད། རེ་བ་བརྒྱབ་ཚད་ཀྱི་ལུང་ཡོངས་རྫོགས་འདོན་བསྡད་ན། ང་རང་ཚོ་ཚང་མ་འདིར་ལོ་དང་ཟླ་བ་མང་པོར་སྡོད་དགོས་ཐུག་ས་རེད་ལ། ད་རེས་དུས་ཚོད་ཀྱང་མི་འདུག།།ཡིན་ནའང་ཁྱེད་རྣམ་པས་མུ་མཐུད་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོགས་གྱིས་ཞེས་དེ་ལྟར་དོན་གཉེར་བྱས་ན། ཆོས་འཁོར་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པ་ལ་དགེ་བའི་རྩ་བ་དཔེ་མི་སྲིད་པ་ཆེན་པོ་ཡོད་རེད། ད་དུང་ཡིན་ནའང་ཆོས་སྨྲ་བའི་བླ་མ་ཚད་ལྡན་དང་། མཁན་པོ་བརྒྱུད་པ་ཡོད་པ་རྣམས་ལ་མུ་མཐུད་ནས་དེ་ལྟར་གསོལ་བ་འདེབས་རོགས་གནང་།
དེ་ནས་རང་རེའི་བླ་མ་ཚོས་དེང་སང་དུས་ཚོད་སྙིགས་མ་རེད་ཅེས་གསུང་གི་རེད། དུས་ཚོད་སྙིགས་མ་ཟེར་བ་འདི་ལ་ཡང་། བཤད་སྟངས་མི་འདྲ་བ་མང་པོ་ཡོད་ས་རེད། ཚེ་ཡི་སྙིགས་མ་ཞེས་པ་དང་། ཉོན་མོངས་པའི་སྙིགས་མ་ཟེར་བ་འདྲ་དང་། ལྟ་བའི་སྙིགས་མ་ཞེས་པ་ལྟ་བུ་སོགས་བཤད་སྟངས་མི་འདྲ་མང་པོ་ཞིག་འདུག།། ཕྱོགས་གཅིག་ནས་དེང་སང་དུས་ཚོད་སྙིགས་མ་རེད་ཅེས་བཤད་དུས། སེམས་ལ་དངངས་སྐྲག་སྐྱེ་དགོས་པ་ཞིག་རེད་དེ། ཡང་ཕྱོགས་གཅིག་ནས་བཤད་ན། སྤྱིར་ང་རང་ཚོའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡོངས་རྫོགས་དང་། དེའི་ནང་ནས་གསང་སྔགས་རྡོ་རྗེ་ཐེག་པ། དེའི་ནང་ནས་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འདི། དུས་ཚོད་སྙིགས་མ་རུ་ཇི་ཙམ་ཆགས་སོང་བ་ཡིན་ནའང་རེད། དུས་ཚོད་ཇི་ཙམ་གྱིས་ཕར་སྡུག་ཏུ་སྡུག་ཏུ་ཕྱིན་པ་ཡིན་ན། དེ་ཙམ་གྱིས་ཆོས་ཀྱི་ནུས་པ་ཆེ་རུ་ཆེ་རུ་འགྲོ་རེད་ཅེས། སངས་རྒྱས་རང་ཉིད་ཀྱིས་གསུངས་པ་རེད་ལ། སངས་རྒྱས་གཅིག་པུ་མ་ཡིན་པར། བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་ཀྱིས་དེ་ལྟར་གསུངས་དང་གསུང་བཞིན་པ་རེད། རྒྱུ་མཚན་དེས་ན་ད་དུང་ཡང་ང་རང་ཚོས་ཉམས་སུ་ལེན་ཐུབ་པ་ཡིན་ན། འབྲས་བུ་འཐོབ་རྒྱུ་ཡོད་པ་གཏན་གཏན་གྱིས་ཐག་ཆོད་པ་ཡིན་ས་རེད།
དུས་ཚོད་སྙིགས་མ་རེད་ཅེས་པའི་རྒྱུ་མཚན་གཙོ་བོ་ཐེ་ཚོམ་གྱིས་ཡིད་ཆེས་སྐྱེ་མི་ཐུབ་པས་ཡིན་ས་རེད། དེས་ན་ཐེ་ཚོམ་གྱི་གཉེན་པོ་ལ། ཐོས་བསམ་ཅུང་ཟད་བྱེད་ཐུབ་པ་རྣམས་དང་། བྱེད་པའི་དུས་ཚོད་ཡོད་པ་རྣམས་ཀྱིས་ཐོས་བསམ་གནང་རོགས་གནང་། དེའི་ནང་ནས་དུས་ཚོད་ཡོད་མཁན་ཚོས། དཔེར་ན་སེམས་ཙམ་པའི་གཞུང་རྣམས་ལ་ཐོས་བསམ་བྱེད་ཐུབ་པ་ཡིན་ན། ཧ་ཅང་གི་ཡག་པོ་ཡོང་གི་རེད་བསམ་གྱི་འདུག། །རྒྱུ་མཚན་གང་ཡིན་ཟེར་ན། སེམས་ཙམ་པའི་གཞུང་ལུགས་ནང་ལ་ཚད་མའི་གཞུང་ཤིན་ཏུ་ལེགས་པ་བཞུགས་ཡོད་རེད། དེ་ཡི་སྟེང་ལ་དབུ་མའི་གཞུང་རྣམས་ལ་ཐོས་བསམ་གནང་ཐུབ་ན་ཧ་ཅང་ཡག་པོ་རེད། ངས་འདི་དམིགས་བསལ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཚང་མས་ཐོས་བསམ་བྱེད་ཐུབ་ཀྱི་མ་རེད་དེ། ཡིན་ནའང་ང་ཚོ་ཆོས་ཕྱོགས་ལ་དུས་ཚོད་ཡོངས་རྫོགས་གཏོང་མཁན་གྱི་གྲས་ཡིན་པའི་བླ་མ་སྤྲུལ་སྐུ་། གྲྭ་བ་ཐོས་བསམ་ཅུང་ཟད་གནང་ཐུབ་པའི་རིགས་ཀྱིས་ཐོས་བསམ་ཅུང་ཟད་མཛད་ན། རྐང་ཚུགས་པ་ཞིག་ཡོང་བ་ལ་ཕན་གྱི་རེད་བསམ་གྱི་འདུག །
དེ་མིན་དཔེར་ན་སཱ་དྷུ་གུ་རུ་ཞེས་པ་ཞིག་ཡོད་རེད། དེང་སང་སྐད་གྲགས་ཆེན་པོ་རེད། ཁོང་ལ་སློབ་མ་ཡང་མང་པོ་ཡོད་རེད། ངས་ཁོང་གིས་བཤད་པ་རྣམས་གང་ལ་གང་འཚམས་ཉན་མྱོང་། ཧ་ཅང་འདྲ་ཆགས་པོ་བཤད་ཀྱི་ཡོད་རེད་ལ། ཁ་བདེ་བོ་ཡོད་རེད། ཡིན་ནའང་ནང་པ་དང་། ཧིན་དྷུའི་གཞུང་ལུགས་སོགས་ག་ས་ག་ནས། འདྲ་ཆགས་པོ་དེ་རྣམས་བཏུས་ཤིང། དེ་ཡི་ཚེ་དེ་ཡི་དུས་ན་མི་ཚོ་ལ་དགའ་ཚོར་སྟེར་ཐུབ་པ། དབྱིན་ཇིའི་སྐད་ལ་ཨིན་ཊིར་ཏྲན་(Entertain) ཟེར། དེའི་ཚེ་དེའི་དུས་ན་ཚོར་བ་འདྲ་མིན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྐད་ཆ་བཤད་ཐུབ་པ་དང་། ཉན་མཁན་ཕ་རོལ་པོ་རྣམས་ཀྱི་བསམ་པ་སྐོང་ཐུབ་ན། དེའི་རིགས་ལ་དེང་སང་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད་རེད། ལྷག་པར་དུ་སྤྱི་ཚོགས་གསར་པའི་མི་རྣམས་ཀྱི་ཚོར་བ་རྣོན་པོ་རེད། གནས་སྐབས་འདྲ་ཆགས་པོ་དང་། སེམས་ལ་བབས་པ་བཤད་མཁན་ཞིག་ཡོད་ན། དེ་ལ་ཤིན་ཏུ་དགའ་རེད། དེ་ལྟར་བྱས་ན་མ་འགྲིགས་པ་ཡང་ཡོད་མ་རེད། དཔེར་ན་ང་ལྟ་བུ་ཡིན་ན། ས་དྷུ་གུ་རུ་ལྟ་བུ་དེ་ཚོས། རྒྱ་གར་གྱི་རིག་གཞུང་དང་། རྒྱ་གར་གྱི་ཆོས་ལུགས་ལ་བརྒྱུད་ནས་ཕན་ཐོགས་ཀྱི་ཡོད་ས་རེད་བསམ་མཁན་ཞིག་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་གར་གྱི་མི་མང་པོ་ཞིག། རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་གཏན་ནས་མ་བྱས་ནས་ལོ་མང་པོ་ཕྱིན་པ་རེད། ཁོང་དང་ཁོང་ལྟ་བུ་དེ་དག་གི་དབང་གིས། དེང་སང་རྒྱ་གར་གྱི་ཕོ་གཞོན་མོ་གཞོན་ཚོའི་ནང་ལ་ཡང། རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་ཕྲན་བུ་རེ་བྱེད་མཁན་ཡོང་གི་ཡོད་རེད། ཡིན་ནའང་གཏིང་ཟབ་མོ་དང་། རྒྱ་ཆེ་བ་དང་། རྐང་ཚུགས་པ་ཞིག་མ་རེད།
དེས་ན་ད་ལྟ་འདིར་ཡོད་པའི་བླ་མ་སྤྲུལ་སྐུ་དགེ་བའི་བཤེས་གཉེན་རྣམས་ཀྱི་ནང་ལ། ཐོས་བསམ་གནང་ཐུབ་པའི་རིགས་དང་། གནང་བའི་གོ་སྐབས་ཡོད་པའི་རིགས་ཀྱིས་ཐོས་བསམ་ཅུང་ཟད་རེ་གནང་ཐུབ་པ་ཡིན་ན། དེ་ནས་རྐང་ཚུགས་པ་ཡག་པོ་ཡོང་རྒྱུ་རེད་བསམ་གྱི་ཡོད། དེ་མིན་ཁ་སང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཀྱང་གསུངས་སོང་། རྫོགས་པ་ཆེན་པོ་ཞེས་པ་དེ་འདས་པའི་རྗེས་མི་གཅད། མ་འོངས་པའི་མདུན་མི་བསུ། ད་ལྟ་བའི་སྟེང་ན་བསྒོམ་མེད། ཡེངས་མེད་བྱེད་ནས་གཞག་རྒྱུ་དེ་རེད་ཅེས། དེ་ཙམ་ཞིག་ལ་རྫོགས་པ་ཆེན་པོ་ཡིན་སྙམ་སྡོད་པ་མང་པོ་རེད། ཕྱི་རྒྱལ་བ་རྣམས་ལྟ་ཅི་སྨོས། རང་རེའི་བླ་མ་སྤྲུལ་སྐུ་རྣམས་ཀྱི་ནང་ནའང་དེ་འདྲ་དགོངས་མཁན་མང་པོ་འདུག།།ཡིན་ནའང་བྱེ་བྲག་སྨྲ་བ་ཡན་ཆོད་ནས་འདས་པའི་རྗེས་གཅོད་དགོས། མ་འོངས་པའི་མདུན་བསུ་དགོས་ཞེས་གསུངས་པའི་ནང་པའི་ཆོས་གཅིག་ཀྱང་ཡོད་མ་རེད། རྒྱུ་མཚན་དེས་ན་ཐོས་བསམ་གཏིང་ཚུགས་པོ་བྱས་ན། རང་རེས་ནང་པ་སངས་རྒྱས་པའི་ཆོས་བདག་པོ་རྒྱག་སྟངས་ལ་ཕན་གྱི་རེད་བསམ་གྱི་འདུག།།
ཡང་ཁ་རྩང་ཁེ་ཉིན་ཞུས་པ་ཡིན། ཐོས་བསམ་བྱེད་དགོས་རེད་དེ། ཐོས་བསམ་ཁོ་ནས་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པ་ཞེས་པའམ། རྫོགས་པ་ཆེན་པོའི་དོན་དག་ངོ་མ་དེ་རྟོགས་དགོས་ཞེས་བཤད་ན་འགྲིག་གི་ཡོད་མ་རེད། རྟོགས་ཐུབ་དཀའ་ལས་ཁག་པོ་ཡིན་ས་རེད། མཁྱེན་བརྩེའི་དབང་པོའི་གསུང་ཐོར་བུའི་ནང་ལ་མང་པོ་གསུངས་ཡོད་རེད། ཐོས་བསམ་རྐྱང་པས་རྫོགས་པ་ཆེན་པོའི་གནས་ལུགས་ཧ་གོ་དགོས་ཀྱི་ཡོད་ན། དེ་ཕལ་ཆེར་ཡོང་ཐུབ་ཀྱི་མ་རེད་གསུངས། འོ་ན་གང་གིས་རྟོགས་དགོས་ཞེ་ན། རང་རང་སོ་སོའི་བསོད་ནམས་དང་། བླ་མའི་བྱིན་རླབས་ལ་བརྟེན་ནས་རྫོགས་པ་ཆེན་པོའི་དོན་རྟོགས་དགོས་ཀྱི་ཡོད་རེད་ཅེས་གསུངས། དེ་འདྲ་རང་ཡིན་ས་རེད། ཁ་སང་གོང་དུའང་མང་པོ་ཞུས་པ་ཡིན། ང་ལྟ་བུ་ཞིག་ལ་མཚོན་ན། རྫོགས་པ་ཆེན་པོའི་ཆོས་མང་པོ་ཞུས་ཡིན། ང་རང་ལའང་དོན་གཉེར་ཡང་ཕྲན་བུ་ཡོད་པ་རེད་དེ། ང་རང་གི་དོན་གཉེར་ལས་ཀྱང་། ངའི་བླ་མ་རྣམས་ཀྱིས་ཐུགས་རྗེ་ཆེན་པོས་བསྐྱངས་ཆེ་བ་ཡོད་རེད། ངའི་དོན་དང་། བསྟན་པ་སྤྱི་ཡི་དོན་ལ་སོགས་པའི་ཆེད་དུ་ལོས་ཡིན། མདོར་ན་ཐུགས་ཁུར་བསམ་གྱིས་མི་ཁྱབ་པ་ཆེན་པོ་བཞེས་ཀྱི་རེད། དཔེར་ན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལྟ་བུ་ཡིན་ན། ང་ཚོའི་གྲས་ཀྱིས་ལུང་ཤོག་ལྡེབས་རེ་རེ་གཉིས་རེ་ཙམ་ཆད་ན། སྐབས་འགར་ང་ཚོས་རྟགས་བརྒྱབ་མེད་ནའང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཉིད་ཀྱིས་རྟགས་བརྒྱབ་ནས། ཁྱོད་རང་ལུང་དེ་ནས་འདི་ཙམ་ཞིག་ཆད་སོང་། ལུང་ཆད་པ་དེ་གཞན་གྱི་མདུན་ནས་ཚུར་ཞུས་ཤིང་ཁ་བསྐང་དགོས་ཞེས་གསུངས་ཤིང་ཐུགས་ཁུར་དེ་ལྟར་བཞེས་ཀྱི་ཡོད་པ་ངས་ད་ལྟའང་དྲན་གྱི་འདུག །
མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ངོ་མ་རྟོགས་དགོས་ཀྱི་ཡོད་ན། སློབ་སྦྱོང་བྱེད་པ་ཙམ་ཞིག་མ་ཡིན་པར། དེ་ལ་ངེས་པར་མོས་པ་དང་སྤྲོ་བ་བསྐྱེད་པ་དང་། གསོལ་བ་གདབས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ས་རེད། ང་ལྟ་བུར་མཚོན་ན་ཧ་ཅང་ཐབས་སྐྱོ་བོ་དང་རྡུགས་པོ་རེད། ཕྱོགས་གཅིག་ནས་ཞུས་ན། ལོ་ཆུང་ཆུང་སྐབས་སུ་དམིགས་བསལ་དོ་སྣང་གང་ཡང་མ་བྱུང་བ་རེད། ཕྱིས་སུ་ལོ་ཆེན་པོ་རེད་ཡོང་དུས་འདི་དགོས་ཀྱི་ཡོད་ས་རེད་བསམ། དོ་སྣང་ཅུང་ཟད་བྱེད་ཀྱི་ཡོད་ཀྱང་། དེའང་མཚམས་མཚམས་ལ་མ་གཏོགས་རྟག་ཏུ་ཡོང་ཐུབ་ཀྱི་མི་འདུག །མཚམས་མཚམས་ལ་རྫོགས་པ་ཆེན་པོའི་ཆོས་འདི་དངོས་གནས་རྩ་ཆེན་རེད། རྫོགས་པ་ཆེན་པོའི་ཆོས་ཙམ་ཞིག་མ་རེད། ཆོས་ཐམས་ཅད་དེ། སྤྱོད་འཇུག་ཡན་ཆོད་ནས་རྩ་ཆེན་པོ་རེད་བསམ། དེ་ནས་བླ་མ་ལ་གསོལ་བ་འདེབས། ཡི་དམ་ལ་གསོལ་བ་འདེབས། འགྲེལ་པ་དམིགས་བསལ་གང་ཡང་མ་བཀླགས་ན་ཡང། གསོལ་འདེབས་བྱས་ནས་སྡོད་འདུག་དུས། རྫོགས་པ་ཆེན་པོའི་ཚིག་ཁ་ཤས་སྔོན་གོ་རྒྱུ་ཚོར་རྒྱུ་འདྲ་གང་ཡང་མེད་པ། འདི་དང་འདིས་ཅི་འདྲ་ཞིག་གསུངས་པ་ཡིན་ན་བསམ་བསམ་དེ་ཚོ་ཡང་གོ་བ་ལོན་པ་ལྟ་བུ་ཡོང་གི་འདུག །ངས་འདི་ན་རྟོགས་པ་བཤད་ཀྱི་མེད། ང་ལ་ཡང་འདི་ལྟར་ཡོང་རྒྱུ་འདུག་པས། ཁྱེད་རྣམ་པས་དོ་སྣང་གནང་ན། དེ་ལྟར་ངེས་པར་ཡོང་གི་རེད་ཅེས་ཞུ་བཞིན་ཡོད། མདོར་ན་དཔེ་ཆ་སྦྱངས་ནས་ཤེས་པ་ལས་ལྷག་ཙམ་གསོལ་བ་བཏབ་ནས་ཤེས་པ་ཞིག་འདུག་ཅེས། ངས་ཁྱེད་རང་རྣམས་སྤྲོ་བ་སྐྱེ་བའི་ཆེད་དུའམ། སྤོབས་པ་སྐྱེ་བའི་ཆེད་དུ་ཞུ་བཞིན་ཡོད།
དེ་ནས་ང་ལ་དམིགས་བསལ་ཞུ་རྒྱུ་ཞེས་གང་ཡང་མེད། ཐུགས་མཐུན་ཁྲིམས་གཙང་བྱ་རྒྱུ་དང། ཐོས་བསམ་བསྒོམ་གསུམ་གནང་རྒྱུ་དེ་དག་གནད་འགག་ཆེན་པོ་རེད་ཅེས་པ་ནི། ང་རང་ཚོའི་བླ་མ་རྣམས་ཀྱིས་རྟག་ཏུ་གསུངས་དང་གསུང་བཞིན་པ་རེད། འདི་ན་ཡང་གསུང་ཤེས་པ་ཤ་སྟག་བཞུགས་ཡོད་རེད། དེ་དག་ཡང་ཡང་ཞུ་དགོས་པ་ཡང་མི་འདུག །སྔོན་ཆད་ཡིན་ན། ངས་མང་ཚོགས་ལ་སྐབས་འགར་སྐད་ཆ་བཤད་དུས། ང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་ཞིག་ཡིན་པའི་རྒྱུ་མཚན་གྱིས། ཆོས་ལུགས་རིས་མེད་བྱེད་དགོས་ཞེས་དང། དག་སྣང་བྱེད་དགོས། རིས་སུ་མ་ཆད་པ་བྱེད་དགོས་ཞེས་ཞུ་མྱོང་། དེང་སང་ནི་སྐབས་འགར་བསམ་མནོ་ཞིག་འཁོར་ཡོང་དུས། ཕྱོགས་རིས་བྱེད་མཁན་ཞིག་ཡོད་ནའང་ཡག་པོ་རེད་དྲན་འོང་གི་འདུག། །ད་ནི་མི་རྣམས་ཆོས་ལ་དོ་སྣང་གཏན་ནས་མེད་པར་འགྱུར་བཞིན་འདུག། །དེས་ན་ཆོས་ལ་ཕྱོགས་རིས་ཡོད་པ་རྣམས། རང་གི་ཕྱོགས་གཏོགས་ཀྱི་ཆོས་ལ་དོ་སྣང་ཅུང་ཟད་བྱེད་ཅིང་། དེ་བདག་པོ་རྒྱག་སྡོད་པ་ཞིག་གྱུར་བསྡད་ཀྱི་ཡོད་རེད། དེང་སང་གི་དུས་འདི་ནི། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་དོ་སྣང་ཅུང་ཟད་ཙམ་ཞིག་ཀྱང་བྱེད་ཐུབ་དང་མི་ཐུབ་ཀྱི་དུས་ཡིན་པས། ངས་དམིགས་བསལ་གྱིས། ཆོས་ལ་ཕྱོགས་རིས་མ་བྱེད་ཅེས་ཞུས་ན་དོན་དག་ཧ་ཅང་གི་ཆེན་པོ་མེད་པ་ལྟ་བུར་འཚོར་གྱི་འདུག།།
མདོར་ན་དོན་དག་སྙིང་པོ་ཞུས་ན། ང་རང་ཚོ་ཆེ་ཆུང་ཐམས་ཅད་ཆོས་པར་འགྱུར་ཐུབ་པ་བྱ་རྒྱུ་དེ། གནད་འགག་ཤིན་ཏུ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཆོས་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་བཤད་དུས། ཁྱེད་རྣམ་པ་འགའ་རེས་འདི་ལྟར་དགོངས་སྲིད་པ་རེད། རིན་པོ་ཆེས་ཅི་གསུངས་པ་ཡིན་ནམ། ངེད་ཅག་ཐམས་ཅད་ཆོས་པ་རེད། བླ་མ་དང་། གྲྭ་བ་དང་། སྤྲུལ་སྐུ་ངེད་ཅག་ཐམས་ཅད་ཆོས་པ་མ་ཡིན་ན་གང་ཡིན་ནམ། ཞེས་དེ་ལྟར་དགོངས་མཁན་ཡོད་རྒྱུ་རེད། ཡིན་ནའང་ཆོས་པ་བཟོ་བ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡིན་ས་རེད། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་གསུངས་པ་དེ་དང་། དྭགས་པོ་པཎ་ཆེན་གྱིས་ཀྱང་།(མཉམ་མེད་དྭགས་པོ་ལྷ་རྗེ།) གསོལ་འདེབས་ཐམས་ཅད་ཀྱི་མགོ་ན་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས་ཞེས་གསུངས་པ་དེ་དག་ལ། དགོངས་པ་དང་། དགོངས་གཞི་དང་། ཐུགས་བསམ་བཞེས་ཕྱོགས་དངོས་གནས་བསམ་ཡུལ་ལས་འདས་པ་དེ་འདྲ་ཡོད་ངེས་པ་རེད། ཆོས་པ་ཞིག་ཡོང་ཐུབ་པ་བྱ་རྒྱུ་འདི་ཤིན་ཏུ་དཀའ་ལས་ཁག་པོ་རེད་འདུག། །ཕར་བལྟ་ན་སྐྱ་བོ་ལྟ་བུ་ཞིག་མེད་ནའང་། འཇིག་རྟེན་ཆོས་བརྒྱད་དང་། ཚུལ་འཆོས་སོགས་ལ་གཡེངས་ནས། འཇིག་རྟེན་པ་རང་འགྱུར་གྱི་ཡོད་ས་རེད། རྒྱུ་མཚན་དེས་ན་མཐོ་དམན་ཐམས་ཅད་ཀྱིས་ཆོས་པར་ཡོང་བ་བྱ་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག།། ཆོས་པ་ཡག་པོ་ཞིག་ཏུ་འགྱུར་བའི་ཆེད་དཀོན་མཆོག་གསུམ་དང་། བླ་མ་རྣམས་ལ་གསོལ་འདེབས་བྱས་པ་ཡིན་ན། རང་ལ་ཡང་ཕན། གཞན་ལ་ཡང་ཕན་པའི་འགྲོ་དོན་ཞེས་པའམ། ཕྲིན་ལས་ཡོང་བའི་ཐབས་ཡག་ཤོས་སུ་འགྱུར་གྱི་ཡོད་ས་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་འདིར་བླ་མ་སྤྲུལ་སྐུའི་རིགས་མང་པོ་ཕེབས་འདུག།།ང་ཡང་སྤྲུལ་སྐུ་ཞིག་རེད། ཕྱོགས་གཅིག་ནས་བསམ་མནོ་བཏང་ན། རང་རེ་སྤྲུལ་སྐུ་འདི་ལ་ཕྱི་ནང་གསང་གསུམ་ནས་བར་ཆད་ཤིན་ཏུ་མང་པོ་འདུག།།སྤྲུལ་སྐུ་ཞེས་པའི་ལམ་དང་ལུགས་སྲོལ་གྱི་འགྲོ་སྟངས་འདི་ལ་ཕྱི་ནང་གསང་གསུམ་གྱི་བར་ཆད་ཤིན་ཏུ་མང་པོ་འདུག །བར་ཆད་ཆེ་ཤོས་གཅིག་ནི། རང་རེ་བོད་པའི་སྤྱི་ཚོགས་འདི་ཡིན་ས་རེད་བསམ་ཡོང་གི་འདུག །སྐད་ཆ་འདི་ལྟར་བཤད་ན་རྣ་བར་མི་འགྲོ་ཡང་། ཕ་མ་དང་། བླ་བྲང་དང་། སྐུ་གོང་མའི་སློབ་མ་དེ་དག་གིས། ཆུང་ཆུང་བསམ་མནོ་གཏོང་མི་ཤེས་པའི་དུས་ནས། སྤྲུལ་སྐུ་རེད་ཅེས། བྱིས་པར་རང་དབང་མེད་པར། ཡར་ཁྲི་ཁར་བཞག །བདག་པོ་བརྒྱབ། མིང་དང་གོ་ས་འདི་དང་དེ་ཞེས། གཅིག་གཅིག་རེད། གཉིས་གཉིས་རེད་ཟེར་ཤིང་། དཔར་བརྒྱབ། ཁྱབ་བསྒྲགས་བྱེད་ཅིང་འདྲ་མི་འདྲ་སྣ་ཚོགས་ཤིག་བཤད། དེ་ནས་སྤྲུལ་སྐུ་ཡར་ཅུང་ཟད་ཆེ་རུ་ཕྱིན་དུས། དམ་པའི་སྐྱེས་བུ་ཁ་ཤས་ནི་ཐུན་མོང་མ་ཡིན་པ་དེ་འདྲ་ཡོད་སྲིད་པ་རེད། མང་ཆེ་བ་ནི་སོ་སོའི་སྐྱེ་བོ་རེད་བསྡད་ཡོད་རེད། རྒྱུད་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་སོགས་མང་པོ་ཡོད་རེད། དེ་དུས་སྤྲུལ་སྐུ་ཚོས་བསྟན་བཤིགས་འཁྲབ་ཀྱི་འདུག། །སྤྲུལ་སྐུ་ཚོས་གཅིག་བྱེད་ཀྱི་འདུག གཉིས་བྱེད་ཀྱི་འདུག་ཅེས་ སྤྲུལ་སྐུ་དགུང་ལོ་གཞོན་པ་མང་པོ་སེམས་མི་བདེ་བ་ཆེན་པོར་གྱུར་ནས། འགྲོ་འདུག་ཀྱང་མི་ཤེས་པ་དེ་འདྲ་བཟོ་ཡོང་གི་འདུག།།དེས་ན་དེང་སང་འཛམ་གླིང་ན། བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཚོགས་པ་ཡིན་ཟེར་བ་སོགས་དེ་འདྲའི་རིགས་མང་པོ་ཡོད་རེད། ཕོ་དང་ཕོ་མཉམ་དུ་སྡོད་པའི་ཐོབ་ཐང་རྩོད་པའི་ཚོགས་པ་དང་། མོ་དང་མོ་མཉམ་དུ་སྡོད་པའི་ཐོབ་ཐང་རྩོད་པ་དང་། གསལ་བཤད་བྱེད་པའི་ཚོགས་པ་ཡིན་ཟེར་བ་སོགས་ཡོད་རེད། དེ་བཞིན་དུ་ངས་མཚམས་མཚམས་ལ། རང་རེ་སྤྲུལ་སྐུ་རྣམས་མཉམ་རུབ་ཀྱིས་ཚོགས་པ་ཞིག་བཙུགས་དགོས་ཀྱི་འདུག་བསམ་ཡོང་འདུག ངེད་ཅག་ལའང་འགྲོ་བ་མི་ཡི་ཐོབ་ཐང་(human rights)དགོས་རེད། ངེད་ཅག་ཆུང་ཆུང་བསམ་མནོ་གཏོང་མི་ཤེས་པའི་དུས་ནས་ངེད་ཚོ་ལ་དབང་ཆ་གཏན་ནས་མེད་པར་ཡར་བཞག་སོང་། ང་ཚོ་ཡང་མི་རེད། ཡར་ན་ཚོད་གང་འཚམས་རྫོགས་ཚར་དུས། ང་ཚོས་གཅིག་བྱས་ནའང་ཁ་གཏོང་གི་འདུག །གཉིས་བྱས་ནའང་ཁ་གཏོང་གི་འདུག་ཟེར་། ངས་སྐབས་རེར་དེ་ལྟར་བྱེད་དགོས་ས་འདུག་བསམ་གྱི་འདུག གང་ལྟར་སྤྲུལ་སྐུ་ཞེས་པ་འདི་ལ་ཕྱི་ནང་གསང་གསུམ་གྱི་བར་ཆད་ཤུགས་ཆེན་པོ་འདུག།
ཡང་ཁ་ཤས་ཀྱིས་ཟེར་ན། ད་ནི་སྤྲུལ་སྐུའི་དུས་རབས་དེ་རྫོགས་ཟིན་པའམ། སྤྲུལ་སྐུའི་བསྟན་པ་དེ་ནུབ་ཟིན་པ་རེད་ཅེས་བཤད་ཀྱི་འདུག་སྟེ། དེ་འདྲ་རང་ཡང་ཨི་ཡིན་ན་བསམ་གྱི་འདུག།། དེང་སང་སྐབས་འགར་རང་རེའི་བླ་མ་རྣམ་པའི་ཞབས་ཕྱི་རྣམས་དགོངས་པ་རྫོགས་དུས་དེ་དག་གི་སྤྲུལ་སྐུ་ཡང་ངོས་འཛིན་བྱེད་ཀྱི་འདུག་ལ། མཁན་པོ་རྣམ་པ་ཡང་དགོངས་པ་རྫོགས་དུས་མཁན་པོ་དེ་དང་དེའི་སྤྲུལ་སྐུ་རེད་ཅེས་ངོས་འཛིན་བྱེད་ཀྱི་འདུག། །ང་ཚོའི་རྫོང་སར་བཤད་གྲྭ་ལ་མཁན་པོ་མང་ཙམ་ཡོད། སང་ཉིན་གནངས་ཉིན་རྫོང་སར་བཤད་གྲྭའི་མཁན་པོ་རྣམས་དགོངས་པ་རྫོགས་དུས། དེ་དག་གི་སྤྲུལ་སྐུ་རྣམས་ངོས་འཛིན་བྱས་འོང་ན། སྤྲུལ་སྐུ་ཤོང་ས་ཡང་མ་རེད། དེའི་རྒྱུ་མཚན་གྱིས་ད་དུང་ཡང་མུ་མཐུད་ནས། སྤྲུལ་སྐུའམ། སྤྲུལ་སྐུའི་བསྟན་པ་འདི་ད་དུང་ཡིན་ནའང་། ལོ་བཅུ་དང། ཉི་ཤུ་དང་། སུམ་ཅུ་ཇི་ཙམ་གནས་ཐུབ་ན་མུ་མཐུད་རྒྱུ་རེད་བསམ་གྱི་འདུག།།
འོན་ཀྱང་སྤྲུལ་སྐུ་གསོ་སྐྱོང་བྱེད་ཤེས་པ་དེ། ཧ་ཅང་གལ་ཆེན་པོ་རེད་འདུག།།ང་རང་གི་ངོས་ནས་བསམ་མནོ་བཏང་ན། དཔེར་ན་ང་ལ་མཚོན་ན། ངའི་ཕ་རྒན་ནམ། ངའི་པ་ལགས་ལྟ་བུ་ཞིག་ཡིན་ན། བཀའ་མོལ་གནང་དུས། ངའི་མི་ཚེའི་ནང་གི་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་བཀའ་བཀྱོན་ཤ་སྟག་གནང་གི་རེད། ཐེངས་ཤིག་ཁོང་ཐུགས་དགོངས་ཧ་ཅང་འཚོམས་ནས་ངའི་རྩར་ཕེབས་སོང་། ངས་ནོར་འཁྲུལ་ཅི་ཞིག་ཤོར་ཡོད་ན་དྲན་སོང་། ང་ལོ་ཉི་ཤུ་ཙམ་ཡིན་ས་ཡོད། དེ་དུས་བླ་མ་སྤྲུལ་སྐུ་རྣམས་ཀྱིས་ལས་ཤོག་ཞེས་པ་ཞིག་བཟོ་སྲོལ་ཡོད་རེད། དེ་ཕར་ཚུར་གཏང་ཡིག་འབྲི་ས་དང་། འབྱོར་ལན་འབྲི་ས་རེད། ལས་ཤོག་ཀྱི་ནང་ན། ངའི་མིང་ལ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཞེས་བྲིས་ཡོད་རེད། ལས་ཤོག་དེ་འདྲ་ཞིག་བསྣམས་ནས་ཕེབས་འདུག།།བལ་ཡུལ་ནས་རེད། ཁོང་ཡར་བཞེངས་བཞིན་དུ། བཀའ་བཀྱོན་ཆུ་ཚོད་ཕྱེད་ཀ་ཙམ་གནང་སོང་། ད་ཧམ་པ་ཆེ་བ་ལ་དཔེ་རེད་གསུང་གི་འདུག། །རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཞུ་བ་དེ་གང་འདྲ་ཡིན་ཤེས་ཀྱི་ཡོད་དམ། དེ་ཁྱོད་ཡིན་མདོག་མདོག་བྱས་ཞིང། དེ་ཡི་མཚན་འདིར་བྲིས་འདུག་ཟེར། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་པ་དེ་དག། ཉི་མ་དང་ཟླ་བ་ནང་བཞིན་བསམ་གྱིས་མི་ཁྱབ་པ་རེེད། ཁྱོད་ཀྱིས་དེ་ཡི་མིང་བེད་སྤྱོད་བཏང་འདུག་གསུངས་ནས་བཀའ་བཀྱོན་མང་པོ་གནང་མྱོང།
ང་ཚོའི་དགེ་རྒན་དང་། ཞབས་ཕྱི་དག་གིས་ཀྱང་དེ་ལྟར་གནང་གི་རེད། ང་ཆུང་ཆུང་ཡིན་པའི་དུས་བློ་འཛིན་དང་། རྒྱུགས་སྤྲོད་དེ་རྣམས་ཅུང་ཙམ་ཡག་པོ་བྱུང་ན། ཁྱོད་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་ཡིན་པས་ལོས་ཡིན་ཟེར་ཞིང་། དེ་ལ་བྱ་དགའ་སྤྲོད་པ་དང་ངོ་སོ་ཟེར་བ་གང་ཡང་ཡོད་མ་རེད། སྡུག་པོ་ཞིག་རེད་སོང་ན། ད་ཅི་བྱུང་བ་རེད་ཁྱོད་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་མ་རེད་དམ་ཟེར་ཞིང་བཀའ་བཀྱོན་ཤ་སྟག་གནང་གི་རེད། དེ་ལྟ་བུའི་ནང་ནས་ནམ་ཡིན་ནའང་བཤད་བསྡད་པའི་གནད་འགག་ཆེ་བ་ཞིག་ངས་དྲན་གྱི་འདུག། །ང་ཆུང་ཆུང་ཡིན་དུས་ངའི་དགེ་རྒན་རྣམས་དང་། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཀྱང་གསུངས་མྱོང། ཞབས་ཕྱི་དེ་དག་གིས་ཀྱང་གསུང་གི་རེད། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དགུང་ལོ་བཅུ་གསུམ་སྐབས་ལ་(རང་རྣམ་ཚིགས་བཅད་མ་ལས། དགུང་ལོ་བཅོ་ལྔའི་མཇུག་ཏུ་ཞེས་གསུངས་ཡོད།) ཀཿ ཐོག་ནས་རྫོང་སར་ལ་ཕེབས་པ་རེད། དེའི་སྔོན་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀཿ ཐོག་གི་མཁྱེན་བརྩེ་རེད། མདོར་བསྡུས་ནས་ཞུས་ན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཁྱེན་བརྩེའི་དབང་པོའི་གཟིམ་ཁྲིའི་སྟེང་དུ་བཞུགས་ཡིན་ས་རེད། ཀཿ ཐོག་སི་ཏུ་མཁྱེན་བརྩེའི་དབང་པོའི་སྐུ་ཡི་ཚ་བོ་ཡང་རེད། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བླ་མའང་རེད། ཀ་ཐོག་སི་ཏུས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ། ཁྱོད་གང་དུ་སྡོད་ཀྱི་ཡོད་གསུངས་པས། ང་གཟིམ་ཁྲི་འདིའི་གོང་ན་སྡོད་ཀྱི་ཡོད་ཅེས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གཟིམ་ཁྲི་ལ་ཡར་མཛུབ་མོ་བཙུགས་པ་རེད་ཟེར། ཀཿ ཐོག་སི་ཏུས། འོ་ད་ཡིན་ན་མི་ཉལ་ས་ལ་ཁྱི་ཉལ་ཞེས་པའི་དཔེ་དང་གཅིག་རེད་ཅེས་གསུངས་པ་རེད་ཟེར་ནས། ངའི་དགེ་རྒན་དང་། ཞབས་ཕྱི་དག་གིས་ང་ལ་དེའི་སྐོར་མང་པོ་བཤད་ཀྱི་རེད།
ངས་ད་ལྟ་སྤྲུལ་སྐུ་གསོ་སྐྱོང་བྱེད་ཚུལ་གྱི་སྐོར་ཞུ་བཞིན་ཡོད། དཔེར་ན་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་ལྟ་བུ་ཡིན་ན། ཕྱིས་སུ་དགུང་ལོ་ཆེན་པོར་ཕེབས་པ་མ་གཏོགས། སྔོན་ཆད་ང་སྐབས་འགར་ས་ཆ་གང་སར་ཟླ་བ་རེ་རེ་ཙམ་དང། གཉིས་རེ་ཙམ། ཟླ་བ་དྲུག་རེ་ཙམ་ལ་སོང་ནས། ཡང་བསྐྱར་ཚུར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ལ་བཅར་དུས། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གཟུགས་ལྗིད་པོར་གྱུར། བཞེངས་ཐུབ་ལ་མི་ཐུབ་པ་དེ་ལྟར་ཡིན་ནའང་། ཡར་བཞེངས་མཛད་ནས་ཡིན་གཅིག་མིན་གཅིག་ང་ལ་ཕྱག་གསུམ་འཚལ་གནང་གི་རེད། ཕྱིས་སུ་དགུང་ལོ་ཆེན་པོར་ཕེབས་ནས། ཕྱག་རེ་རེ་འཚལ་བ་ལའང་འོ་བརྒྱལ་ཤིན་ཏུ་ཆེན་པོ་མཛད་ནས་འཚལ་གནང་གི་རེད། ཕྱག་འཚལ་ས་དེ་ང་རེད།
ཡང་ཐེངས་ཤིག་ངས་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལ་ཞུ་མྱོང་། རྗེས་མ་ཆོས་དང་འཇིག་རྟེན། བསྟན་པ་དང་སེམས་ཅན་གྱི་དོན་དུ་ལས་ཀ་འདྲ་ལས་དུས། ཇི་ལྟར་བྱེད་དགོས་རེད། དོན་དེ་དག་གི་ཆེད་དུ་ལས་ཀ་བྱེད་ན་བྱེད་སྟངས་ཇི་ལྟར་བྱེད་དགོས་རེད། མི་ཚེ་སྐྱེལ་སྟངས་སམ། མི་གཞན་ལ་ཕན་པའི་ལས་ཀ་བྱེད་ན་གང་བྱེད་དགོས་རེད། གདམས་ངག་གམ། མན་ངག་ལྟ་བུ་ཐུང་ཐུང་ཞིག་གསུངས་རོགས་ཞེས་ཞུས་པ་ངས་གསལ་པོ་དྲན་གྱི་འདུག །ང་དེ་དུས་སྤ་རོ་སྟག་ཚང་ལ་མཚམས་སྡོད་དུ་འགྲོ་རྩིས་བྱེད་ཀྱི་ཡོད། དེ་དུས་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡང་བལ་ཡུལ་ལམ། ས་ཆ་ཞིག་ལ་ཕེབས་བརྩིས་རེད། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་བལ་ཡུལ་ལ་ཕེབས་རན་པས། ཁ་བྲལ་དུས་ནམ་ཡིན་ནའང་སེམས་པ་སྐྱོ་བོ་ཡོང་གི་ཡོད། དེ་ལྟར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལ་ངས་མི་ཚེ་སྐྱེལ་སྟངས་ཇི་ལྟར་དགོས་རེད། དེ་ལ་མན་ངག་ཅིག་གསུང་རོགས་གྱིས་ཞུས་པས། ཧ་ཅང་གསལ་པོ་བྱས་ནས་གསུངས་སོང་། ཅི་གསུངས་སོང་ཞེ་ན། གཞན་གང་ཡང་བྱེད་མི་དགོས། ཁྱོད་ཀྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་བཏབ་བསྡད་ན། ཐབས་ལམ་གཞན་དགོས་མ་རེད་ཅེས་གསུངས་གི་འདུག །དེ་དག་ངས་ད་ལྟ་བསམ་མནོ་གཏོང་དུས། བསམ་མནོ་གཏོང་སྟངས་དང་། གསོ་སྐྱོང་བྱེད་སྟངས་དེ་དག་ཧ་ཅང་རིན་ཐང་ཆེན་པོ་ཡིན་ས་རེད་སྙམ་གྱི་འདུག རྒྱུ་མཚན་གང་རེད་ཅེ་ན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ངོས་ནས། ང་ལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རང་གཟིགས་ཀྱི་ཡོད་རེད། སྤྱིར་བཏང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ངོར་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོ་དང་། བླ་མའི་དཀྱིལ་འཁོར་འབའ་ཞིག་རེད་བསྡད་ཡོད་རེད། འོན་ཀྱང་དེ་ལ་ངས་གོ་བ་དམིགས་བསལ་ཅི་ཞིག་ལེན་གྱི་ཡོད་ཅེ་ན། སྤྲུལ་སྐུ་རྣམས་ཀྱི་སྐུ་གོང་མའི་སློབ་མ་སྒེར་གྱི་ངོས་ནས། རང་གི་བླ་མའི་སྤྲུལ་སྐུའམ། ཡང་སྲིད་དེ་དག་སྐུ་གོང་མ་དེ་ཡིན་བསམ་པའི་ལས་འགན་ནམ། ཉམས་ལེན་བྱེད་སྟངས་དེ་ལྟར་ལོས་ཡིན། ཡང་སྲིད་ཙམ་མ་ཟད་རང་རེས་སྔགས་ཉམས་སུ་ལེན་དུས་སྣང་སྲིད་ཐམས་ཅད་ལྷ་དང་བླ་མའི་དཀྱིལ་འཁོར་དུ་བལྟ་དགོས་རེད། ཡིན་ནའང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས། ཁྱོད་ཀྱིས་མཁྱེན་བརྩེ་དབང་པོ་དང་། ཆོས་ཀྱི་བློ་གྲོས་ལ་གསོལ་བ་ཐོབ་ཤོག་ཅེས་གསུངས་པ་དེ། མན་ངག་ཤིན་ཏུ་གནད་འགག་ཆེན་པོ་རེད་སྙམ་གྱི་ཡོད། ང་རང་ཚོ་སྤྲུལ་སྐུ་རྣམས་ཀྱིས་ང་སྐུ་གོང་མ་དེ་ཉིད་ཡིན་ཞེས་བསམ་པ་དེ་ནོར་བ་ཡིན་ས་རེད། ངས་འདི་སྤྱི་ཁྱབ་ནས་བཤད་ཀྱི་ཡོད། སྤྱིར་གང་ཟག་གི་ཚོད་གང་ཟག་གིས་གཟུང་མི་ཐུབ། ཡིན་ནའང་ང་སྤྲུལ་སྐུ་ངོ་མ་ཡིན་ཞེས་བསམ་པ་དེ། ནོར་བ་ཡིན་ས་རེད། དཔེར་ན་བླ་མ་གོང་མ་རྣམས་ཀྱིས་ཕྱག་ཡིག་ཡི་གེར་བྲིས་པ་རྣམས་ལ། སུ་དང་གང་ཞིག་གི་བླ་མའི་མཚན་གྱི་ཅོད་པཎ་འཆང་བ་པོས་ཞེས་གསུངས་པ་ལྟ་བུ་རྣམས་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་ས་རེད། ང་ལ་མིང་ཞིག་བཏགས་ཡོད་རེད་ཟེར། མཚན་གྱི་ཅོད་པཎ་ཞེས། ཅོད་པཎ་ཞེས་པ་ཞྭ་མོ་ལ་ཟེར་གྱི་ཡོད་རེད། ང་ཞྭ་མོ་གྱོན་མཁན་ཡིན་ཟེར་བ་རེད་མ་གཏོགས། ང་དེ་ཉིད་ཡིན་ཞེས་གསུང་གི་ཡོད་མ་རེད། རྒྱུ་མཚན་དེས་ན་དེ་དག་གནད་འགག་ཆེན་པོ་རེད་བསམ་གྱི་ཡོད།
ང་ལྟ་བུ་ཡིན་ན་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན་ཞེས་གཏན་ནས་བསམ་མ་མྱོང་། བསམ་ཕོད་ཀྱི་མེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། མཁྱེན་བརྩེའི་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་མཇལ་ཡོང་བའི་སྐབས་སུ། དེ་འདྲ་བསམ་མི་ཕོད་པ་རེད། ཁྱེད་རྣམ་པའི་ནང་ལ་གོ་བ་ལོག་ནས་ངས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་མི་འདུག་ཅེས་བསམ་མཁན་ཡོད་རྒྱུ་རེད། ཡིན་ནའང་དེ་འདྲ་མ་རེད། ང་ལ་སྐྱེ་བ་སྔ་ཕྱི་ལ་ངོ་མ་ཡིད་ཆེས་ཡོད། འདིར་བཤད་ནའང་ཁྱད་མི་འདུག །འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན་ཞེས་བསམ་ཡང་ཕོད་ཀྱི་མི་འདུག་ལ། འཇམ་དབྱངས་མཁྱེན་བརྩེ་ཡིན་བསམ་པའི་དྲན་པ་གཏན་ནས་ནས་མི་འདུག །
འོན་ཀྱང་ལྷོ་ཨ་མི་རི་ཀ་ན་པེ་རུ་(Peru) ཞེས་པའི་ཡུལ་ལུང་ཞིག་ཡོད་རེད། པེ་རུའི་ལོ་རྒྱུས་རྙིང་པའི་ནང་ལ། ཨིན་ཀ་(inca) ཞེས་པའི་མི་རིགས་ཤིག་ཡིན་ས་རེད། འདི་འདས་པའི་ལོ་ཉིས་སྟོང་སུམ་སྟོང་གི་སྔོན་ལ་བྱུང་བའི་སྐད་ཆ་རེད། པེ་རུ་ཞེས་པའི་ཡུལ་ལ་ང་སླེབས་དུས་སྔར་དང་མི་འདྲ་བའི་ཚོར་བ་ཧ་ཅང་ཁྱད་མཚར་དེ་འདྲ་ཡོང་གི་འདུག །ང་སྔོན་མ་ཨིན་ཀ་(inca)ཞེས་པའི་རྒྱལ་པོའམ། བློན་པོའམ། ཡང་ན་འབངས་མི་སེར་ལྟ་བུ་གང་རུང་ཞིག་གི་སྐྱེ་བ་ཡིན་ས་རེད་སྙམ། སྐབས་འགར་ངས་དེ་ལྟར་དྲན་གྱི་འདུག། །དེ་ལ་རྒྱུ་མཚན་ཡག་པོ་ཞེས་པ་གང་ཡང་མེད། སྤྱིར་བཏང་གི་ཚོར་བ་རེད། ཡིན་ནའང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན་པའི་ཚོར་བ་གང་ཡང་མི་འདུག །རྒྱུ་མཚན་དེེས་ན་རང་རེའི་བླ་མ་སྤྲུལ་སྐུ་རྣམས་ལ་དམིགས་བསལ་གང་ཞིག་ཞུ་རྒྱུ་ཡོད་ཅེ་ན། རང་རང་སོ་སོའི་ཕ་མ་དང་། སློབ་མ་རྣམས་ཀྱིས་ཁྱེད་ལ་བརྩིས་དང་བརྩིས། སྤྲུལ་སྐུ་ཡིན་པས་ཕྱོགས་གཅིག་ནས་ཐུག་ཁག་ཀྱང་ཡོད་མ་རེད། ངོ་མ་བྱས་ན་ཞུ་ཕོད་རྒྱུ་མ་རེད་དེ། ཡིན་ནའང་ང་རང་བླ་མ་དེ་ཉིད་ཡིན་སྙམ་པའི་བསམ་མནོ་གཏོང་ལུགས་དེར་གཟབ་གཟབ་གནང་དགོས་པ་ཞིག་རེད། རྒྱུ་མཚན་ཅི་རེད་ཟེར་ན། སྐབས་འགར་གནས་ཚུལ་འདི་ལྟར་ཡོང་གི་འདུག །ཕྱི་རྒྱལ་གྱི་བུ་མོ་ཁ་ཤས་ཀྱིས་ཁོང་ཚོའི་སར། བླ་མ་དང་སྤྲུལ་སྐུ་དེ་འདྲ་ཡོང་ནས་། ཁོང་དང་མཉམ་དུ་འབྲེལ་བ་བྱས་ན། ཁྱེད་རང་ལ་བྱིན་རླབས་འཐོབ་ཀྱི་རེད་ཅེས་བཤད་ཀྱི་འདུག། །དེ་ལ་ཇི་ལྟར་བྱེད་དགོས་རེད་ཅེས། ང་ལ་སྐད་ཆ་དྲིས་ཀྱི་འདུག།།ངས་ཁོང་རྣམས་ལ་དེ་ལྟར་ཡིན་རྒྱུ་མ་རེད། ཁོ་རང་ཚོ་འདོད་ཆགས་ལངས་ནས་དེ་ལྟར་བཤད་པ་ཡིན་རྒྱུ་རེད། དེ་དག་ལ་དེ་ཙམ་ཉན་རྒྱུ་ཡོད་མ་རེད་ཅེས། ངས་དེ་ལྟར་བཤད་ཀྱི་ཡོད། རྒྱུ་མཚན་ནི། རང་རེ་བླ་མ་སྤྲུལ་སྐུ་རྣམས་རྩ་ཆེན་པོ་རེད་དེ། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་པ་དེ་ཤིན་ཏུ་རྩ་ཆེན་པོ་རེད། ཤཱཀྱ་ཐུབ་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཤཱཀྱ་སེངྒེའི་བསྟན་པ་དེའང་རང་རེས་བདག་པོ་རྒྱག་དགོས་ཀྱི་འདུག །
ད་དུང་ཕྱི་རྒྱལ་གྱི་མི་དེ་དག་གིས་བཤད་ཀྱི་འདུག། ཁྱེད་ཅག་གིས་བླ་མ་དེ་རང་གི་ཡང་སྲིད་དང་། སྤྲུལ་སྐུ་རེད་ཅེས་བཀུར་སྟི་བྱེད་པ་དང་། བསྟི་སྟང་ཧ་ཅང་ཆེན་པོ་བྱེད་ཀྱི་མི་འདུག་གམ། ཅིའི་ཕྱིར་དེ་ལྟར་བྱེད་ཀྱི་ཡོད་ཅེས་བཤད་ཀྱི་འདུག །དེས་ན་རང་རེ་བོད་པའི་འགྲོ་སྟངས་དང་། བྱེད་སྟངས་དེས། བོད་རིགས་མ་ཡིན་པའི་མི་རིགས་གཞན་པ་མང་པོ་ལ། བསམ་མནོ་གཏོང་མི་ཤེས་པའི་གནས་ཚུལ་མང་པོ་བྱེད་ཀྱི་ཡོད་ས་རེད། ངས་ཁོང་ཚོར་བཤད་ཀྱི་ཡོད། སྤྲུལ་སྐུ་ཞེས་པ་འདི་ལ་རིགས་མི་འདྲ་བ་མང་པོ་ཡོད་རེད། སྤྲུལ་སྐུ་དེ་མ་ཐག་པ་སྟེ། དཔེར་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལྟ་བུ་ཡིན་ན། ཀུན་མཁྱེན་འཇིགས་མེད་གླིང་པ་གཟིམ་ཆུང་གཅིག་གི་ནང་ནས་གཅིག་ལ་ཕེབས་པ་བཞིན་ཡིན་ཞེས་གསུངས་པ་རེད། དེ་དག་སྐད་ཆ་གཞན་རེད། དཔེར་ན་སྔོན་ཆད་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྫོང་སར་ལ་བཞུགས་དུས། སྔ་དྲོ་ཞིག་ལ་སྐུ་ཁྲུས་གསོལ་ཞིང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱིས་ཆུ་བླུགས་པ་མཛད་པ་ཡིན་མིན་འགྲོ། དེ་འདྲ་གནང་བསྡད་པའི་སྐབས་སུ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་གཟིགས་ནས། ཁྱོད་ཀྱིས་གངས་རི་འདི་དག་དང་། ན་བུན་དེ་དག་མཐོང་དུས། ཅི་དྲན་གྱི་འདུག།།ཅི་འདྲ་རེད་ཀྱི་འདུག་ཅེས་བཀའ་འདྲི་གནང་བ་རེད་ཟེར། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས། ང་ལ་ཅི་ཡང་རེད་ཀྱི་མི་འདུག་ཅེས་ཞུས་པ་རེད་ཟེར། དེ་དུས་ཁྱོད་ཀྱིས་མི་ཤེས་པའི་ཟོལ་གནང་བ་རེེད་མ་གཏོགས། ངས་ནི་གངས་རི་དང་། ན་བུན་དེ་དག་མཐོང་ཡོང་དུས། སྔོན་མ་རས་དཀར་པོ་གྱོན། མགུར་འཐེན་པའི་ཚོར་སྣང་དེ་འདྲ་ཡོང་གི་འདུག་ཅེས་གསུངས་པ་རེད་ཟེར། དོན་དག་སྙིང་པོ་ཁོང་རྣམ་པ་གཉིས་ཀ་རས་ཆུང་པའི་སྐྱེ་བའམ། སྤྲུལ་སྐུ་ཡིན་གསུངས་པ་རེད། དེ་ལྟ་བུའི་རིགས་གཅིག་ཀྱང་ཡོད་རེད། འོན་ཀྱང་དེ་དག་བསམ་གྱིས་མི་ཁྱབ་པ་རེད། དེས་ན་སྤྲུལ་སྐུ་དེ་མ་ཐག་པའམ། ངོ་མ་ཡིན་པ་དེ། ཧ་ཅང་གི་དཀའ་ལས་ཁག་པོ་ཡིན་ས་རེད་དྲན་གྱི་འདུག །འདི་ང་རང་གི་བསམ་མནོ་གཏོང་སྟངས་ཡིན།
སྤྲུལ་སྐུ་དེ་ངོ་མ་སྐུ་གོང་མའི་ཡང་སྲིད་དེ་མ་ཐག་པ་དེ་ཡིན་ཞེས་པ་ཧ་ཅང་དཀའ་བ་རེད་དྲན་གྱི་འདུག སྐབས་འགར་དེང་སང་གི་དུས་སུ་དེ་ལྟ་བུ་ཞིག་ཨེ་ཡོད་ན་སྙམ་གྱི་འདུག།།རྒྱུ་མཚན་གང་རེད་ཟེར་ན། སྤྲུལ་སྐུ་དེ་མ་ཐག་པ་ཡོང་ཞེས་པ་དེའང་སེམས་ཅན་གྱི་བསོད་ནམས་ལ་རག་ལས་ཀྱི་ཡོད་ས་རེད། སེམས་ཅན་ལ་བསོད་ནམས་ཡོད་དགོས་ཞེས། རང་རེའི་རྫོགས་པ་ཆེན་པོའི་ནང་ལ་གསུངས་མི་འདུག་གམ། དཔེར་ན་མཚོ་དང་འཚེའུ་གཙང་མ་ཡོད། ནམ་མཁའ་ལ་སྤྲིན་ཡང་མེད། ཟླ་བ་ཡང་ཤར་ཡོད་ན། དེ་ནས་ཟླ་བ་དེ་ལོངས་སྐུ་མཚོན་བྱེད། སྤྲུལ་སྐུ་ཟླ་བ་འོད་བཅས་མཚོ་ནང་ལ་ཤར་གྱི་རེད་ཟེར། དེ་འདྲ་གསུངས་གི་རེད། དེ་དང་གཅིག་པ་རེད་འདུག། །མཚོ་ལ་ཡང་རྩྭ་ལ་སོགས་པ་འདྲ་མི་འདྲ་སྐྱེས། ནམ་མཁའ་ལའང་སྤྲིན་འཁྲིགས། ཟླ་བ་ནམ་མཁའ་ལ་ཤར་བཞིན་ཡོད་ཀྱང་། རྒྱུ་རྐྱེན་དེ་དག་གི་དབང་གིས་མཚོ་དང་མཚེའུའི་ནང་ལ་ཟླ་བའི་གཟུགས་བརྙན་གསལ་པོ་ཤར་གྱི་ཡོད་མ་རེད། དེ་བཞིན་དུ་སྤྲུལ་སྐུ་དེ་མ་ཐག་པ་ཞེས་པ་དེ་དཀོན་པོ་ཡིན་ས་རེད་བསམ་གྱི་འདུག །
བསམ་མནོ་གཏོང་སྟངས་གཞན་ཞིག་ལ། སྐུ་གོང་མ་ཐང་སྟོང་རྒྱལ་པོ་ཡིན་པའི་རི་རྐེད་བྱ་བྲལ་ཞེས་པ་ཞིག་ཡོད་རེད། ཁོང་ལ་ཁྱེད་ཐང་སྟོང་རྒྱལ་པོའི་སྐྱེ་བ་རེད་ཟེར་གྱི་འདུག། །ཁྱེད་ཐང་སྟོང་རྒྱལ་པོའི་སྐྱེ་བ་རེད་དམ་ཞེས་དྲིས་དུས། འདི་ལ་སྤྱིར་བཏང་བཤད་སྲོལ་གཉིས་འདུག །ངས་ཐོས་པ་ལྟར་ན། ང་ལ་ཐང་སྟོང་རྒྱལ་པོའི་སྐྱེ་བ་ཡིན་ཞེས་མིང་བཏགས་ཡོད་རེད་དེ། ཐང་སྟོང་རྒྱལ་པོའི་སྐྱེ་བ་རང་ཅི་ཡིན་ས་མ་རེད། ཡིན་ནའང་ཐང་སྟོང་རྒྱལ་པོས་བོད་དང་གཞན་ས་ཆ་གང་སར་ལྕགས་ཟམ་མང་པོ་བཙུགས་པ་རེད། དེ་དུས་ས་རྐོ་རྡོ་སློག་བྱེད་པའི་ཚེ་འབུ་མང་པོ་ཞིག་ཤི་ཡོད་རེད། དེ་དག་གི་ཆེད་དུའང་ཐང་སྟོང་རྒྱལ་པོས་གསོལ་བ་དང་སྨོན་ལམ་བཏབ་ཡོད་རེད། མ་འོངས་པར་འབུ་འདི་དག་གིས་ཀྱང་། བསྟན་པ་དང་སེམས་ཅན་གྱི་དོན་བྱེད་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་པའི་དབང་གིས་ཡིན་སྲིད། ཕལ་ཆེར་ང་ཡང་དེ་དུས་ཤི་བའི་འབུ་ཆུང་ཆུང་ཞིག་གི་སྐྱེ་བ་ཞིག་ཡིན་སྲིད་ཅེས་དེ་འདྲ་གསུངས་པ་རེད་ཅེས་གོ་མྱོང་། སྐད་ཆ་འདི་ལའང་གོ་རྒྱུ་ཤིན་ཏུ་ཆེན་པོ་འདུག །རྒྱུ་མཚན་དེས་ན་སྤྲུལ་སྐུ་རྣམས་ཀྱིས་རང་ཉིད་སྐུ་གོང་མ་དེ་ཡིན་བསམ་ནས་རང་མཐོང་ཆེན་པོ་བྱེད་རྒྱུ་མི་འདུག། ཡིན་ནའང་གོང་དུ་ཞུས་པ་བཞིན་རང་རེ་བླ་མ་སྤྲུལ་སྐུ་རྣམས་ཀྱིས་ཀྱང། གནད་འགག་ཆེ་ཤོས་ཆོས་པ་རེད་ཐུབ་པ་ཞིག་བྱེད་དགོས་འདུག། །ཕྱོགས་གཅིག་ནས་བླ་མ་དང་སྤྲུལ་རྣམས་ལ་ཆོས་པ་བྱེད་དགོས་རེད་ཅེས། སྐད་ཆ་འདི་ལྟར་བཤད་ན་འདྲ་ཆགས་པོ་མི་འདུག ངོ་མ་བྱས་ན་བླ་མ་སྤྲུལ་རྣམས་ཆོས་པ་ཡིན་ངེས་རེད། འོན་ཀྱང་དམིགས་བསལ་ཞུ་རྒྱུ་ལ་ཆོས་པ་ཡོང་ཐུབ་པའི་ཐབས་ལམ་གནང་རོགས་གནང་། ཆོས་པ་བྱེད་ཐུབ་པ་ཡིན་ན། རང་གི་སྐུ་ཚེ་རིང་ཞིང་། ཉམས་རྟོགས་འཕེལ་བ་དང་། གཞན་དག་ལ་ཡང་ཕན་ཐོགས་པའི་འགྲོ་དོན་ཆེན་པོ་ཅན་དུ་འགྱུར་གྱི་ཡོད་ས་རེད།
འདི་ན་མཁན་པོོ་དང་བླ་མ་ཆོས་སྨྲ་བ་མང་པོ་ཡོད་རེད། རྣམ་པ་ཚོ་ལའང་ད་ལྟ་ཞུས་པ་བཞིན་ཆོས་པ་ཞིག་བྱེད་ཨེ་ཐུབ་བལྟ་དགོས་འདུག་ཞུ་རྒྱུ་དེ་ལས། དམིགས་བསལ་གཞན་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་ཆོས་སྨྲ་བ་མཁན་པོ་རྣམ་པའི་གྲས་ལ་དམིགས་བསལ་གང་ཞིག་ཞུ་རྒྱུ་ཡོད་ཅེ་ན། ཤེར་ཕྱིན་དང་། ཚད་མ། དབུ་མ་ཞེས་པ་དེ་རྣམས་གཞན་ལ་བཤད་ཀྱང་ཉན་ཤེས་པ་དང་། ཉན་ཐུབ་པ་མང་པོ་ཡོད་མ་རེད། བཤད་གྲྭ་བའི་ནང་ལ་ཅུང་ཟད་ཡོད་རྒྱུ་རེད་དེ། མང་ཆེ་བའི་ནང་ལ་ཡོད་མ་རེད། ངས་གང་ཞིག་ཞུ་རྒྱུ་ཡོད་ཟེར་ན། མཁན་པོ་དང་། དགེ་བའི་བཤེས་གཉེན་ཆོས་སྨྲ་བ་པོ་རྣམས་ཀྱིས་ཐུགས་སེམས་བཟང་པོ་བྱེད་ཅིང་། བཀའ་སློབ་གནང་མཁན་གྱི་གོ་ས་བཟུང་བ་ཙམ་ཞིག་མིན་པར། བཀའ་སློབ་གནང་ས་རྣམས་དང་མཉམ་དུ་གྲོགས་པོ་བྱེད། བཤེས་དང་གཉེན་ཞེས་པ་དོན་དག་སྙིང་པོ་གྲོགས་པོ་ལ་ཟེར་གྱི་ཡོད་རེད། དེ་དག་དང་ལྷན་དུ་ཟས་མཉམ་ཟ་དང། ཇ་མཉམ་འཐུང་བྱེད། རྩེད་མོ་ཡང་མཉམ་དུ་རྩེ། ཕར་ཚུར་འཁྱམ་འཁྱམ་ལ་མཉམ་དུ་འགྲོ། བསྡད་ས་ཡང་མཉམ་དུ་བསྡད། དེ་མ་ཐག་གཅིག་གཅིག་བྱེད་མི་ཆོག། །གཉིས་གཉིས་བྱེད་མི་ཆོག་ཅེས་བཤད་སྡོད་པ་དེ་འདྲའི་བརྟུལ་ཞུགས་འཆང་བ་མིན་པར། དེ་དག་དང་མཐུན་པོ་བྱེད། གྲོགས་པོ་དང་བཤེས་དང་གཉེན་གྱི་བརྟུལ་ཞུགས་སྐྱོང་དགོས། ལྷག་པར་དུ་དེང་སང་གི་མི། ཕོ་མོ་དག་གམ། དེང་སང་གི་གཞོན་ནུ་རྣམས་ཀྱི་སེམས་ལ་དཀའ་ངལ་མང་པོ་ཡོད་རེད། དཀའ་ངལ་དེ་དག་ལས་ཁ་ཤས་ཧ་ཅང་ཁྱད་མཚར་ཡོད་རེད། དཀའ་ངལ་འདི་ཉན་བསྡད་ན་ངོ་མ་དུས་ཚོད་འཕྲོ་བརླག་རེད་སྙམ་པ་དེ་འདྲ་ཡོད་རེད་དེ། དེ་དག་ཐམས་ཅད་ཉན་མ་སྤྲོ་ནའང་ཉན། ཉན་དུས་རིག་པ་གཏད་ཅིང་གཟབ་ནས་ཉན། ཕ་རོལ་པོས་ཀྱང་འདིས་ངའི་དཀའ་ངལ་རྣམས་ཉན་སོང་བསམ་པ་ཞིག་ཉན་དགོས་མ་གཏོགས། ཁོང་རྣམ་པས་བཤད་སྡོད་དུས་རང་གིས་ལས་ཀ་གཞན་དག་འདྲ་མི་འདྲ་བྱེད་བསྡད་ན། ཁོང་རྣམ་པའི་སེམས་ལ་ཡང་ཕོག་གི་ཡོད་ས་རེད། དེས་ན་བསམ་པ་བཟང་པོ་གནང་ན། འགྲོ་དོན་དང་འཕྲིན་ལས་ཐམས་ཅད་ཡོང་གི་རེད་བསམ་གྱི་འདུག །
ད་ལན་འདིར་ཕྱི་རྒྱལ་གྱི་མི་གང་འཚམས་མང་པོ་སླེབས་ཡོད་རེད། ཁྱེད་རྣམས་ལ་དུས་རྒྱུན་བཤད་དང་བཤད་བཞིན་པ་རེད་དེ། དམིགས་བསལ་གང་བཤད་རྒྱུ་ཡོད་ཟེར་ན། སངས་རྒྱས་ཀྱི་གོ་འཕང་ཞེས་པ་དེ། བོད་རིགས་ཞེས་པའམ་། རྒྱ་གར་གྱི་རིགས་ཞེས་པ་དེ་དག་ཁོ་ནས་ཐོབ་ཐུབ་པ་ཞིག་དང་། མི་རིགས་གཞན་དག་གིས་ཐོབ་རྒྱུ་མེད་པ་དེ་འདྲ་གཏན་ནས་མ་རེད། སངས་རྒྱས་ཀྱི་གོ་འཕང་ནི་ཐམས་ཅད་ཀྱིས་ཐོབ་རྒྱུ་ཡོད་ཐག་ཆོད་རེད། ཁྱེད་རྣམ་པ་མང་ཆེ་བས་ཆོས་ལ་དོ་སྣང་བྱས་ནས་འདིར་ཡོང་བ་དེ་ཡང་། སྐྱེ་བ་དང་ཚེ་རབས་མང་པོ་ལ་བསགས་པའི་ལས་དང་། སྨོན་ལམ་ཡོད་པའི་རྒྱུ་མཚན་གྱིས་སླེབས་པ་རེད། རྒྱུ་མཚན་དེས་ན་ད་དུང་ཡང་། མུ་མཐུད་ནས་ཆོས་ལ་དོ་སྣང་བྱེད་རོགས་གྱིས། ཕྱི་རྒྱལ་གྱི་མིའི་ནང་ལ་ཆོས་བཤད་མཁན། ང་ཚོ་བོད་པ་རྣམས་ལས་ཀྱང་ཡག་པ་མང་པོ་ཡོད་རེད། དེང་སང་ཉམས་ལེན་བྱེད་མཁན་རྣམས་ཀྱི་ནང་ལའང་། བོད་པ་ལས་ཀྱང་ཕྱི་རྒྱལ་བ་ཡག་ས་རེད་བསམ་བསམ་དེ་འདྲ་མང་པོ་འདུག །
ཆོས་ཉམས་ལེན་བྱས་ནས་འདས་གྲོངས་སུ་གྱུར་པའམ། ཤི་བ་ངས་མཐོང་བ་དང་། ཐོས་པ་དེ་འདྲ་ཁ་ཤས་བྱུང་། ཁོང་ཚོའི་ཤི་སྟངས་སམ། ཤི་དུས་བསམ་མནོ་གཏོང་སྟངས་ཧ་ཅང་ཡག་པོ་འདུག།།འདི་ལྟར་བྱས་ནས་ཤི་བ་ཡིན་ན་ཤི་སྟངས་ཡག་པོ་རེད། ཆོས་ཀྱིས་ངེས་པར་ཕན་ཐོགས་འདུག་སྙམ་པ་དེ་འདྲ་བྱུང། གྲུབ་པ་ཐོབ་ཅིང་གནམ་ལ་འཕུར་བ་དང་། ས་ལ་འཛུལ་བ་ལས་ཀྱང་ཤི་སྟངས་དང་། བསམ་མནོ་གཏོང་སྟངས། མི་ཚེ་སྐྱེལ་སྟངས་འདི་དག་ལེགས་པ་འདུག་སྙམ་པའི་རིགས་མང་པོ་ཞིག་ངས་ཀྱང་མཐོང་སོང་། དེ་དག་ལ་བལྟས་ན། ཆོས་ཅུང་ཟད་ཅིག་སེམས་ཀྱི་ནང་ལ་ངེས་པར་འཛུལ་འདུག་བསམ་བསམ་བྱུང་། དེ་རྣམས་ཆོས་ཀྱི་བྱིན་རླབས་ཤིན་ཏུ་ཆེན་པོ་རེད། དེས་ན་ཆོས་ཞེས་པ་འདིས་གཏན་གཏན་ཕན་གྱི་འདུག་པས། ཆོས་ལ་དོ་སྣང་མུ་མཐུད་ནས་གནང་རོགས་གནང་ཟེར་བ་མ་གཏོགས་གཞན་ཞུ་རྒྱུ་མེད། དེ་རིང་དབང་ལུང་གི་མཐའ་རྟེན་དུ་ཚེ་དབང་ཞིག་བསྐུར་རྒྱུ་ཡིན། ཚེ་དབང་དེའང་བསྡུས་པ་ཞིག་མ་གཏོགས་མེད། ཚེ་དབང་བསྐུར་ཟིན་པའི་རྗེས་སུ་གཏང་རག་དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར་རྒྱུ་ཡིན། ཞེས་རྫོགས་སོ།
གསལ་བཤད། སྤྱི་ལོ་༢༠༢༤ སྤྱི་ཟླ་ ༥ ཚེས་ ༡༨། བོད་ཟླ་ ༤ ཚེས་ ༡༠ ཉིན་མོར། སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས། འཕགས་ཡུལ་ཧི་མ་ཅལ་གྱི་མངའ་ཁོངས། སྦིར་པདྨ་ཨེ་ཝཾ་ཆོས་སྒར་འགྱུར་མེད་གླིང་དུ། འཛམ་གླིང་གང་སར་ནས་ཕེབས་པའི་སེར་སྐྱ་སྟོང་ཚོ་ཁ་ཤས་ལ་སྙིང་ཐིག་ཡ་བཞིའི་དབང་ལུང་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་སྩལ་གྲུབ་པའི་མཇུག་ཏུ། འདུས་པ་ཡོངས་ལ་གནང་བའི་བཀའ་སློབ་དུས་ཐོག་ཆར་པ་འདི་ཉིད། བོད་ཕྱི་ནང་གཉིས་ནས་མང་པོ་ཞིག་གིས་རེ་བསྐུལ་བྱུང་བ་ལྟར་ཡི་གེར་ཕབ་ཅིང་། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་རང་ལ། ཆད་ལྷག་སྣོན་ཕྲི་ཇི་དགོས་དང་། ཞུ་དག་གནང་རོགས་ཞུས་གྲུབ་རྗེས། མཚན་ལའང་རྫོང་སར་མཁྱེན་བརྩེའི་བཀའ་སློབ་དུས་ཐོག་ཆར་པ་ཞེས་བཏགས་པ་ཡིན། ཞེས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས། གཟི་བརྗིད་མཐའ་ཡས་ཀྱིས། ༢༠༢༤།༦།༡༠ ལ།
བསམ་ཚུལ་ཕྲིས།