ཀུན་དགའ་བསོད་ནམས།

ཀུན་དགའ་བསོད་ནམས།

བསིལ་ལྡན་ཁ་བའི་ལྗོངས་ཁམས་དཀར་མཛེས་ཁུལ་འདབ་པ་རྫོང་དུ་ཕ་དོན་འགྲུབ་དང་མ་ལྷ་སྐྱིད་གཉིས་ཀྱི་བུར་སྐྱེས། ལོ་དགུའི་ཐོག་སློབ་ཆུང་འགྲིམས་ཏེ་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས། ལོ་བཅུ་གཉིས་ནས་བཅུ་དགུའི་བར་འབྲུག་རྗེ་དགོན་པའི་བཤད་གྲྭར་མཁན་པོ་བུ་སྟོན་དང་། མཁན་པོ་ཚེ་བརྟན་རྡོ་རྗེའི་མདུན་ནས་འདོན་ཆོག་དང་རིག་གནས་སྐོར་ལ་སློབ་གཉེར་བྱས། ལོ་བཅུ་དྲུག་ལ་བྲག་ནག་དགོན་པའི་ཆོས་སྒོར་ཞུགས། ལོ་བཅོ་བརྒྱད་ཐོག་སྒ་ངག་དབང་ལེགས་པའི་ཡང་སྲིད་མགོན་པོ་བསོད་ནམས་མཆོག་ལྡན་ལས་རབ་ཏུ་བྱུང་།

སྤྱི་ལོ་༢༠༠༥ ལོའི་ལོ་མཇུག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནས་རྫོང་སར་བཤད་གྲྭར་ཞུགས། ཕྱི་ལོ་༢༠༠༦ནས་རིས་མེད་བསྟན་པའི་བདག་པོ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་རྣམ་གཉིས་གཙོས། ཁོང་གཉིས་ཀྱི་ཐུགས་སྲས་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལས་གཞུང་ཆེན་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་སློབ་གཉེར་མཐར་ཕྱིན་ཏེ། སྤྱི་ལོ་ ༢༠༡༠ ལོར་དབུ་མ་དང་། ༢༠༡༣ ལོར་བསྟན་བཅོས། ༢༠༡༥ ལོར་སློབ་དཔོན་བཅས་ཀྱི་རྒྱུགས་སྤྲོད་གནས་རིམ་དང་པོའི་ལག་འཁྱེར་རིམ་བཞིན་ཐོབ།

༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་མདུན་ནས། གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དང་། ༸སྐྱབས་མགོན་གོང་མ་བདག་ཆེན་རིན་པོ་ཆེའི་མདུན་ནས་ལམ་འབྲས་ཚོགས་བཤད། ༸ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་མདུན་ནས་མཁའ་སྤྱོད་མའི་བཀའ་ཁྲིད། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དང། གདམས་ངག་མཛོད། སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་སོགས་དབང་ལུང་ཁྲིད་མན་ངག་དང་བཅས་པ་དུ་མ་ཞུ་བའི་སྐལ་བ་ཐོབ།

སྤྱི་ལོ་༢༠༠༧ ལོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་པར་རྫོགས།

ཕྱི་ལོ་ ༢༠༡༤ ལོར་འཛིན་སྐྱོང་ནས་བཀོད་མངགས་གནང་བ་ཇི་བཞིན་རིམ་སྦིག་བཤད་གྲྭར་ལོ་ངོ་གཅིག་ལ་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་གྱི་ཐུགས་ཁུར་མཛད། ཕྱི་ལོ་ ༢༠༡༦ ནས་ལོ་གཉིས་རིང་བཤད་གྲྭར་སྐྱོར་དཔོན་དང་།

ཕྱི་ལོ ༢༠༡༨ལོར་དཔེ་ཁྲིད་དགེ་རྒན་དུ་བསྐོས་བཞག་གནང་ནས་ཞོར་དུ་དངུལ་གཉེར་སོགས་ཀྱི་ལས་ཀ་བྱས།

ཕྱི་ལོ་༢༠༢༢ལོར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་ནས་མཁན་པོའི་ལག་ཁྱེར་ཐོབ།

ད་ལྟའི་ཆར་བཤད་གྲྭར་དཔེ་ཁྲིད་དགེ་རྒན་གྱི་ཐུགས་ཁུར་མཛད་བཞིན་པའོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *