༈ ཕུར་བུ་ཚེ་རིང་།

ཕུར་བུ་ཚེ་རིང།

ཕུར་བུ་ཚེ་རིང་ལགས་ནི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཁོངས་གཏོགས་ཧི་མཱ་ལའི་རི་བརྒྱུད་སྤི་ཏི་དཀར་མཛེས་ཞེས་པའི་ལུང་པར་ཕྱི་ལོ་ ༡༩༨༩ ལོར་སྐྱེས། ལོ་ན་ཆུང་དུས་ནས་རྒྱ་གར་གཞུང་གི་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་མཐར་ཕྱིན། ཕྱི་ལོ་ ༡༩༩༩ ལོར་སྤི་ཏི་ས་སྐྱ་དཀར་མཛེས་དགོན་དུ་འཛུལ་ཞུགས་གནང༌། དགོན་པ་དེར་ལོ་ངོ་ཧྲིལ་པོ་གསུམ་གྱི་རིང་ངོར་པའི་ཕྱག་ལེན་འདོན་ཆོག་དབྱངས་རོལ་དང༌། ཐིག་རྡུལ་མཚོན་སོགས་ལ་སྦྱངས་པ་ཚུལ་བཞིན་གནང༌།

ཕྱི་ལོ་ ༢༠༠༡ ལོར་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ནང་ཆོས་ཀྱི་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་ ཆེད་འཛུལ་ཞུགས་གནང་། བཤད་གྲྭ་འདིར་གཞུང་ཆེན་བཅུ་སུམ་མམ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་ཚུལ་བཞིན་གནང་སྟེ་ཕྱི་ལོ་ ༢༠༡༡ ལོར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ངོ་གཉིས་ལྷག་རིང་ལེགས་སྦྱར་དང་ཧིནྡི་སྐད་ཡིག་རིག་གནས་སོགས་ལ་སློབ་གཉེར་གནང་ཆེད་ཕེབས།

ཕྱི་ལོ་ ༢༠༡༣ ལོར་ཝ་ར་ཎ་སི་ནས་བཤད་གྲྭར་ལོག་ཕེབས་ཏེ་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་སྐྱོར་དཔོན་དུ་ བསྐོ་བཞག་གནང་སྟེ་ལོ་ངོ་ཧྲིལ་པོ་གཉིས་རིང་བཤད་གྲྭ་འདིར་སྐྱོར་དཔོན་གྱི་ཕྱག་ལས་གནང༌། ཕྱི་ལོ་ ༢༠༡༥ ལོར་ བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་དགེ་རྒན་དུ་བདམས་བསྐོས་གནང་སྟེ་ལོ་ངོ་གཉིས་ཀྱི་རིང་བཤད་གྲྭ་འདིར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་། ཕྱི་ལོ་ ༢༠༡༧ ལོར་བཤད་གྲྭའི་འཛིན་སྐྱོང་ནས་དམངས་གཙོའི་འགྲོ་ལུགས་གཞིར་བཟུང་མང་མོས་འོས་ཤོག་ཐོབ་སྟེ་ ༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་བཞིན་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་དབྱིན་ཡིག་སྦྱོང་རྒྱུའི་ལས་གཞི EBS Program ཞེས་པར་འཛུལ་ཞུགས་གནང་།

ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་ལོ་ངོ་གསུམ་གྱི་རིང་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་ཐེ་གོ་ Thailand དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་ས་ Bangalore དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Chennai སུ་ཡོད་པའི་ SRM University སོགས་སུ་དབྱིན་ཇི་སྐད་ཡིག་ལ་སློབ་གཉེར་ཚུལ་བཞིན་གནང་། ཕྱི་ལོ་ ༢༠༡༩ ལོར་ མཁྱེན་བརྩེ་ཐེབས་ རྩ་ཚོགས་པའི་གོ་སྒྲིག་འོག་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ Brazil ལ་ཡོད་པའི་མཁའ་འགྲོ་གླིང་ཞེས་པའི་ཆོས་ཚོགས་སུ་ Milinda ཞེས་པའི་ཚོགས་པའི་ཚོགས་མི་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ཀྱི་སློབ་མ་རྣམས་ལ་མངོན་པ་མཛོད་ཀྱི་འཆད་ཁྲིད་གནང་།

ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྤྱིའི་དབྱིན་ཡིག་གནས་ཚད་ཡིག་ཚད་ IELTS ཞེས་པའི་ཡིག་རྒྱུགས་འཕྲོད་རྗེས་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ནས་ཨ་རི་ Colorado ཞེས་པའི་ས་གནས་སུ་ཡོད་པའི་ན་རོ་པ་མཐོ་རིམ་རིམ་སློབ་གྲྭར་ Naropa University ལོ་ངོ་གཉིས་ཙམ་གྱི་རིང་ནུབ་ཕྱོགས་ཀྱི་ཤེས་ཡོན་དང་གོམས་གཤིས། དེ་བཞིན་ཆོས་དང་རིག་གཞུང་སོགས་ལ་རྒྱུས་མངའ་ལོན་ཆེད་མཐོ་རིམ་སློབ་གྲྭ་དེར་འགྲོ་རྒྱུའི་གོ་སྐབས་རྙེད། སྐབས་དེ་དུས་ན་རོ་པ་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། སྒོམ་རིམ༌། དེ་བཞིན་ཞི་གནས་དང་། ལྷག་མཐོང་སོགས་ཀྱི་སྐོར་ལ་འཆད་ཁྲིད་དང་སྒོམ་ཁྲིད་གནང་། ད་ལྟའི་ཆར་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་ལས་གཞི་ Scholarship program སློབ་ཡོན་སྡེ་ཚན་ནང་དངོས་སུ་དང་བླངས་ཞབས་ཞུ་ཞུ་བཞིན་མཆིས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *