༈ སྒྲུབ་ཐབས་ཀུན་བཏུས་ཀྱི་བཀའ་ཆོས་མཇུག་ལེགས་པར་གྲུབ་པ།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་སློབ་འདུས་མང་ཡོངས་ཀྱིས་རིང་ནས་གསོལ་བ་བཏབ་པ་བཞིན། ༸སྐྱབས་རྗེ་རིན་པོ་ཆེས་ཞལ་བཞེས་བཀའ་དྲིན་ཟབ་མོ་ཐོབ་སྟེ་འདི་ལོ་སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་དབུ་བཙུགས་ཏེ། སྤྱི་ཟླ་ ༡༡ ཚེས་ ༡༧ ཉིན་སྒྲུབ་ཐབས་ཀུན་བཏུས་ཀྱི་བཀའ་ཆོས་མཇུག་ལེགས་པར་གྲུབ་ཅིང་ཚེས་ ༡༨ ཉིན་བརྟན་བཞུགས་བསྟར་འབུལ་ཞུས།

དཔལ་ལྡན་རྩ་བའི་བླ་མ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ན་མོ།

དེ་ཡང་སྤྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་ཐོག་མར་ཉིན་གསུམ་གྱི་རིང་སྒྲུབ་ཐབས་ཀུན་བཏུས་ཀྱི་རྗེས་གནང་རིགས་རྣམས་ལ་དབང་ཆེན་སྔོན་དུ་འགྲོ་དགོས་པ་ཕྱག་སྲོལ་ལ་ཡོད་པ་ལྟར། ད་ལན་རིན་པོ་ཆེ་སྐུ་ཉིད་ཀྱིས་དགོངས་དཔྱད་མཛད་དེ་ཇོ་ནང་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དངོས་སྟ་ཉིན་གསུམ་གྱི་རིང་གནང་སྟེ་སྒྲུབ་ཐབས་ཀུན་བཏུས་ཀྱི་གསུང་ཆོས་དངོས་སུ་དབུ་འཛུགས་ཞུས།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐུར་བཞིན་པ།

ཐེངས་འདིའི་བཀའ་ཆོས་སུ་༸སྐྱབས་རྗེ་དཔལ་ས་སྐྱའི་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་བདུད་འཇོམས་བསྟན་འཛིན་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་རྣམ་པས་དབུས། རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་བཅུ་ཕྲག་གསུམ་ལྷག་ཙམ་དང་། མཁན་པོ་བཅུ་ཕྲག་ལྔ་ལྷག་ཙམ། རབ་བྱུང་ངུར་སྨིག་གི་སྡེ་དང་གོས་དཀར་ལྕང་ལོ་ཡི་སྡེ། རྒྱལ་ཁབ་མི་འདྲ་བ་བཞི་བཅུ་ཞེ་ལྔ་ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བཅས་འདུས་པ་སྟོང་ཕྲག་གསུམ་ལ་ཉེ་བ་བཀའ་ཆོས་སུ་ཕེབས་འབྱོར་ཐུབ་པ་བྱུང་།

བླ་ཆེན་རྣམ་པས་དབུས་པའི་སེར་སྐྱ་འདུས་པའི་ཚོགས་ཀྱིས་བཀའ་དབང་གསན་བཞིན་པ།

བཀའ་ཆོས་ཀྱི་རིང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་དབང་དང་རྗེས་གནང་དྲུག་བརྒྱ་བརྒལ་བ་གནང་བ་མ་ཟད། གུ་རུའི་སྐུ་ཚབ་གཏེར་ལྔ་ལས་དངོས་གྲུབ་དཔལ་འབར་དང། སྐུ་ཚབ་ཐུགས་རྗེའི་འོད་འཕྲོ། སྐུ་ཚབ་ཚེ་དབང་རིག་འཛིན། དྲག་པོའི་སྐུ་ཚབ། མཁྱེན་བརྩེ་སྐུ་གོང་འོག་ལ་མི་དང་མི་བཞིན་དུ་ཞལ་གཟིགས་ལུང་བསྟན་གནང་མཁན་གྱི་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་སྐུ་ཐང་རྣམས་ཀྱིས་གཙོས་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་རྟེན་མང་པོའི་མཇལ་ཁ་ཡང་བསྩལ།

སྐུ་ཚབ་དངོས་གྲུབ་དཔལ་འབར་གྱི་མཇལ་ཁ་སྩོལ་བཞིན་པ།

དེ་བཞིན་བཀའ་ཆོས་རིང་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་སྤྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྫོང་སར་བཤད་གྲྭའི་དཔེ་མཛོད་བཀྲ་ཤིས་སྒོ་མང་ནས་འདོན་སྤེལ་བྱས་པའི་ཆོས་ཀྱི་བློ་གྲོས་དེབ་ཕྲེང་དྲུག་པ་<<སྤྱོད་འཇུག་གླེང་བ>>དང། བདུན་པ་<<ནང་པའི་ལྟ་བ་དང་ལམ་རིམ>>། བརྒྱད་པ་<<ལྷག་མཐོང་སྒོམ་ཁྲིད>>། དགུ་པ་<<འཇུག་འགྲེལ་ཟླ་བའི་དགོངས་རྒྱན>>། བཅུ་པ་<<སྤྱོད་པ་དང་ལམ་གྱི་མདོ>>། བཅུ་གཅིག་པ་<<དྲི་བ་བརྒྱད་ཁྲི་བཞི་སྟོང>>། རྫོང་སར་གཞི་རིམ་སློབ་གྲྭ་ཀཎིཥྐའི་སློབ་མ་དབང་རྒྱལ་གྱིས་བོད་སྒྱུར་ཞུས་པའི་སྒྲུང་དེབ་<<ཧཱ་ཏིམ་ཏཨི>>བཅས་དབུ་འབྱེད་བཀའ་དྲིན་བསྐྱངས་པ་དང།

རིན་པོ་ཆེས་དབུ་འབྱེད་བཀའ་དྲིན་བསྐྱངས་པའི་དཔེ་དེབ་ཁག

སྤྱི་ཟླ་ ༡༡ ཚེས་ ༡༥ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྔ་དྲོར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ལྷན་སྒྲུབ་ཐབས་ཀུན་བཏུས་ཀྱི་ཆོས་ཞུ་བ་ཡོངས་དང་དྲ་ལམ་ནས་མཉམ་ཞུགས་བྱེད་མཁན་དད་ལྡན་སྟོང་ཚོ་བརྒལ་བས་བྱང་ཆུབ་སེམས་སྡོམ་བླངས་པ་དང། ཉིན་རྒྱབ་མཁན་པོའི་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་དང་རྫོང་སར་མཐོ་རིམ་རིག་གནས་ཚན་ཁག་གི་རྩོམ་རིག་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་མཐར་ཕྱིན་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཚོགས། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་རྫོང་སར་བཤད་གྲྭ་ནས་བསླབ་པ་མཐར་སོན་ཞིང་བསྟན་པའི་བྱ་བ་མཛད་བཞིན་པའི་དགེ་རྒན་བཅུ་གཅིག་ལ་མཁན་པོའི་མཚན་གནས་བསྩལ་བ་དང། མཐོ་རིམ་རིག་གནས་ཚན་ཁག་གི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་གྲངས་བཅུ་གཅིག་ལ་མཐར་ཕྱིན་ཕྱག་འཁྱེར་བསྩལ། མཛད་སྒོ་འདིའི་ཐོག་ཏུ་རྫོང་སར་མཐོ་རིམ་རིག་གནས་ཚན་ཁག་གི་རྩོམ་རིག་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་ལ་རྫོང་སར་བཤད་གྲྭའི་ངོས་ནས་སློབ་དཔོན་ཆེན་མོའི་མཚན་གནས་ཀྱང་བསྩལ།

རིན་པོ་ཆེ་དང་ལྷན་དུ་མཁན་པོའི་མཚན་གནས་གསར་དུ་བཞེས་པའི་མཁན་པོ་རྣམས།

རིན་པོ་ཆེ་དང་ལྷན་དུ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་དང་རྩོམ་རིག་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་མཐར་ཕྱིན་སློབ་མ་རྣམས།

སྤྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་སློབ་འདུས་པ་ཡོངས་ནས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་དང། སྐུ་ཚེ་མི་གཞིག་རྡོ་རྗེའི་རང་ཁམས་སུ་བརྟན་པར་བཞུགས་པའི་སླད་དུ་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། བརྟན་བཞུགས་དངོས་གཞིའི་ཉིན་སྔ་དྲོའི་ཆར་བླ་ཆེན་རྣམ་པ་གསུམ་གྱིས་དབུས་པའི་ཕྱི་ནང་གི་སྐུ་མགྲོན་དང་དད་ལྡན་སེར་སྐྱ་སྟོང་ཕྲག་བཞི་ལ་ཉེ་བ་མཉམ་ཞུགས་ཀྱིས་༸སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་པ་དང། ༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་དང། བཤད་གྲྭའི་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་གྱིས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་མཛད། རྫོང་སར་བཤད་གྲྭས་དབུས་པའི་ཚོགས་སྒེར་ཉེར་གཅིག་གིས་བརྟན་བཞུགས་འབུལ་ཚན་འདེགས་འབུལ་ཞུས་ཤིང། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་འདིར་འདུས་སེར་སྐྱ་ཡོངས་རྫོགས་ལ་མཇལ་ཁ་བསྩལ།

བརྟན་བཞུགས་བསྟར་འབུལ་གྱི་ཡུལ་དངོས།

རྫོང་སར་བཤད་གྲྭའི་མཁན་པོ་རྣམ་པས་སྐུ་གསུང་ཐུགས་ཀྱི་རྟེན་འབུལ་བཞིན་པ།

ཕྱི་དྲོར་བརྟན་བཞུགས་བསྟར་འབུལ་གྱི་ཆ་ཤས་གླུ་དང་གར་གྱི་མཆོད་པ་རུ་བོད་ཀྱི་ཟློས་གར་ཚོགས་པས་དབུས་པའི་རིན་པོ་ཆེའི་སློབ་མ་ཕྱི་རྒྱལ་བ་དང། འབྲུག་པ། རྒྱ་གར་བ། དེ་བཞིན་ས་གནས་སྦིར་དང་ཅོན་ཏ་ར་ཁུལ་བཅས་ཀྱི་ཚོགས་སྒེར་ཁག་བཅུ་དྲུག་ནས་གཞས་དང་ཞབས་བྲོ་ཁག་སུམ་ཅུ་སོ་གཉིས་ཙམ་འབུལ་ལམ་ཞུས་ཤིང། གླུ་དང་གར་གྱི་མཆོད་པ་ཡོངས་སུ་གྲུབ་པ་དང་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེའི་ཕྱག་ནས་རྫོང་སར་བཤད་གྲྭའི་ངོས་ནས་གླུ་གར་གྱི་མཆོད་པ་འབུལ་མཁན་སྤྱི་སྒེར་རྣམས་ལ་ཐུགས་རྗེ་ལེགས་འབུལ་བསྩལ་ཏེ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་བཀའ་ཆོས་དང་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་བརྟན་བཞུགས་བཅས་བཀྲ་ཤིས་ལོ་ལེགས་ཀྱི་ངང་དུ་མཇུག་ལེགས་པར་གྲུབ་པ་བཅས་སོ།།

བརྟན་བཞུགས་བསྟར་འབུལ་གྱི་ཆ་ཤས་གླུ་དང་གར་གྱི་མཆོད་པ།

བརྟན་བཞུགས་བསྟར་འབུལ་གྱི་ཆ་ཤས་གླུ་དང་གར་གྱི་མཆོད་པ།

 

༈ སྒྲུབ་ཐབས་ཀུན་བཏུས་དང་དེའི་བརྒྱུད་པ་ངོ་སྤྲོད་སྙིང་བསྡུས།

དེ་ཡང་སྒྲུབ་ཐབས་ཀུན་བཏུས་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་གཙོས་པའི་ཆོས་བརྒྱུད་ཆེ་ཕྲ་ཀུན་ནས་ཉམས་ལ་ཉེ་བའི་སྒྲུབ་ཐབས་ཀྱི་རིགས་ཕྱོགས་གཅིག་ཏུ་བསྡུས་ཏེ་པོད་དགུ་ཙམ་ཕྱོགས་བསྒྲིགས་གནང་བ་དང་། སྐུ་འདའ་ཁར་ཐུགས་སྲས་འཇམ་མགོན་བློ་གཏེར་དབང་པོར་ཞལ་ཆེམས་ཇི་ལྟར་བསྩལ་བ་ལྟར། ཕྱི་ལོ་ ༡༨༩༩ ལོར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་འཇམ་མགོན་བློ་གཏེར་དབང་པོ་གཉིས་ཀྱིས་ཁ་སྐོང་དགོས་རིགས་རྣམས་ཟིན་ཐོ་མཛད་ཅིང་བཀའ་བགྲོས་མཛད་དེ་ཕྱི་ལོ་ ༡༩༠༢ ལོར་འཇམ་མགོན་བློ་གཏེར་དབང་པོས་པོད་ལྔ་གསར་བསྣོན་མཛད་དེ་སྒྲུབ་ཐབས་ཀུན་བཏུས་ཡོངས་སུ་རྫོགས་པ་ཕྱོགས་བསྒྲིགས་མཛད། དེ་ཉིད་ཀྱིས་མཁན་ཆེན་བསམ་གཏན་བློ་གྲོས་ལ་གནང་བ་དང་། ཁོང་གིས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གནང་ཞིང། རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་དབང་དང་རྗེས་གནང་། བྱིན་རླབས་དང་རིག་གཏད་རྣམས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཇི་ལྟར་གསན་པའི་ཕྱག་བཞེས་ལྟར་ཁོང་གི་ཞལ་སྔ་ནས། འདྲེན་མཆོག་རྩ་བའི་བླ་མ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸སྐྱབས་རྫེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གིས་གསན་པ་དང། པོད་བཅུ་བཞི་པོ་ཡོངས་རྫོགས་ཀྱི་ལུང་ནི་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་གསན་ཞིང་། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་མཁན་ཆེན་ཀུན་དགའ་དབང་ཕྱུག་ལས་གསན་ཏེ། བརྒྱུད་པ་ལ་ལྷད་མ་ཞུགས། མཁའ་འགྲོ་མའི་ཞལ་རླངས་མ་ཡལ། བྱིན་རླབས་ཀྱི་ཚན་ཁ་འབར་བའི་དམ་པའི་ཆོས་ཀྱི་འཁོར་ལོ་འདི་ཉིད། ཐེངས་འདིར་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་དང། ༸སྐྱབས་རྗེ་བདུད་འཇོམས་བསྟན་འཛིན་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ངོར་ཁང་སར་ཞབས་དྲུང་རིན་པོ་རྣམ་པས་དབུས་པའི་མཁན་སྤྲུལ་སེར་སྐྱ་སྟོང་ཚོ་གསུམ་ལ་ཉེ་བར་སྨིན་བྱེད་ཀྱི་དབང། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་གི་རིམ་པ་བཅས་ཆ་ལག་ཡོངས་སུ་རྫོགས་པ་ལེགས་པར་གནང་བ་ཡིན་ནོ།།

བླ་སློབ་ལྷན་འདུས་ཀྱི་དྲན་རྟེན་སྐུ་པར།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *