༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་སྐབས་ལྔ་པ་དང་དྲུག་པ་འཚོགས་པ།

བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ལ་དམིགས་ཏེ་ལོ་རེར་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་ཆེན་མོ་ཐེངས་གཉིས་རེ་འཚོགས་སྲོལ་གཏན་འབེབས་མཛད་པ་ཇི་བཞིན་ད་བར་གཞུང་ཆེན་བགློ་གླེང་ཐེངས་བཞི་འཚོགས་ཡོད་པ་དང། འདི་ལོའི་ལོ་སྨད་དུ་བཤད་གྲྭར་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་བཀའ་ཆོས་ཚུགས་རྒྱུ་ཡིན་སྟབས་དུས་ཚོད་ལྕོགས་མིན་གྱི་དབང་གིས་འདི་ལོའི་ལོ་སྟོད་ལོ་སྨད་དུ་འཚོག་རྒྱུའི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་ཆེན་མོ་སྐབས་ལྔ་པ་དང་སྐབས་དྲུག་པ་གཉིས་ཀ་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ པའི་ཚེས་ ༡༠ ཉིན་ཏེ་ཉིན་གཅིག་ལ་འཚོགས་ཡོད།

དེ་ཡང་༸སྐྱབས་རྗེ་འཁོན་གདུང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་བགྲོ་གླེང་གི་ཚོགས་མགོན་དུ་ཕེབས་བཞུགས་ཐོག་བཤད་གྲྭའི་མཁན་སློབ་འདུས་པ་ཡོངས་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་གདན་འཛོམས་ཏེ། བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་ནས་བཀོད་སྒྲིག་ལེགས་པར་མཛད་པ་ཇི་བཞིན་ཞོགས་པ་སྔ་དྲོའི་ཐོག་དགེན་ཀུན་དགའ་བསོད་ནམས་ལགས་ཀྱིས་གཙོ་སྐྱོང་འོག སྡོམ་གསུམ་འཛིན་གྲྭའི་སློབ་མ་བསྟན་པ་བཟང་པོ་ནས་<<ཕག་མོའི་བྱིན་རླབས་ལ་བརྟག་པའི་རབ་ཏུ་བྱེད་པའི་སྒོ་རྒྱས་པར་དབྱེ་བ>>ཞེས་པའི་མཚན་བྱང་ཐོག་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་གནང་བ་དང་དྲི་བ་དྲིས་ལན་བྱས།

བགྲོ་གླེང་གི་ཡུལ་དངོས།

དེ་མཚམས་དགེན་བསོད་ནམས་དབང་འདུས་ལགས་ཀྱིས་གཙོ་སྐྱོང་འོག་འདུལ་བ་འཛིན་གྲྭའི་སློབ་མ་ལྷག་པ་བསྟན་འཕེལ་ནས་<<གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་པའི་སྐོར་ལ་དཔྱད་རྩོམ་འདུལ་འཛིན་དགྱེས་པའི་ལེགས་བཤད་ཕྲེང་མཛེས>>ཞེས་པའི་མཚན་བྱང་ཐོག་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་དང་དྲི་བ་དྲིས་ལན་བྱས། དེ་ནས་མཁན་པོ་ཀུན་བཟང་མཆོག་གིས་གཙོ་སྐྱོང་འོག་རིག་གནས་སྐབས་ལྔ་པའི་སློབ་མ་ཚེ་དབང་དངོས་གྲུབ་ནས་<<བོད་ཀྱི་ཡིག་གཟུགས་སྐོར་ལ་གླེང་བ>>ཞེས་པའི་མཚན་བྱང་ཐོག་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་དང་བགྲོ་གླེང་མཛད་པ་དང།

དགེན་དབང་ཕྱུག་ལགས་ཀྱིས་གཙོ་སྐྱོང་འོག་མཛོད་འཛིན་གྲྭའི་སློབ་མ་འཇམ་དབྱངས་ཀུན་དགའ་ནས་<<རྡུལ་ཕྲ་རབ་ལ་དཔྱད་པ་བདག་གི་བློ་གྲོས་ཀྱི་ནུས་ཚོད>>ཅེས་པའི་མཚན་བྱང་ཐོག་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་ཞུས། བགྲོ་གླེང་བ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་སྒྲོག་སྦྱང་ཞུས་གྲུབ་པ་དང་འདྲི་བ་འདོན་མཁན་རྣམས་ནས་བསམ་འཆར་དང་། དོགས་སློང་། དོགས་འདྲི། དཔྱད་བརྗོད་སོགས་ཀྱིས་བགྲོ་གླེང་ལྷུག་པོར་གནང་ཏེ་གཞུང་ཆེན་བགྲོ་གླེང་ཐེངས་ལྔ་པའི་ཚོགས་ཐུན་ལེགས་པར་གྲུབ་བོ། །

བགྲོ་གླེང་ཚོགས་ཐུན་གཉིས་པ་ཉིན་དགུང་ཆུ་ཚོད་དང་པོའི་ཐོག་དབུ་འཛུགས་ཞུས། གཙོ་སྐྱོང་བ་དགེན་བདུད་འདུལ་རྡོ་རྗེ་ལགས་དང་གཏམ་བཤད་པ་རྒྱུད་བླ་མའི་འཛིན་གྲྭའི་སློབ་མ་ཐུབ་བསྟན་རྒྱ་མཚོ་ནས་བགྲོ་གླེང་གི་མཚན་བྱང<<ཤཱཀྱ་མུ་ནེའི་མཛེས་པའི་སྤྱན་ལ་ཐོགས་པའི་བདེ་གཤེགས་སྙིང་པོ་ལ་དཔྱད་པ་ཞུམ་པའི་སེམས་རྩ་དཔྱོད་པའི་སྤུ་གྲི>> ཞེས་པའི་ཐོག་དཔྱད་རྩོམ་སྒྲོག་སྦྱང་གནང། དེ་མཚམས་གཙོ་སྐྱོང་བ་དགེན་ཚེ་དབང་རྡོ་རྗེ་དང་བགྲོ་གླེང་གཏམ་བཤད་བ་དབུ་མ་སྤྱི་དོན་འཛིན་གྲྭའི་སློབ་མ་འཕྲིན་ལས་བཟང་པོ་ནས་<<དཔལ་ལྡན་ས་སྐྱ་པའི་དབུ་མའི་ལྟ་བའི་བཞེད་ཚུལ་གྱི་སྐོར་ཅུང་ཟད་གླེང་བ་རབ་གསལ་མེ་ལོང་>>ཞེས་པའི་མཚན་བྱང་ཐོག་དཔྱད་རྩོམ་སྒྲོག་སྦྱང་མཛད་པ་དང།

དགེན་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་འོག་ཤེར་ཕྱིན་འཛིན་གྲྭའི་སློབ་མ་ཤེས་རབ་དབང་ཕྱུག་ནས་<<སྦྱོར་ལམ་མཉམ་བཞག་དེ་བློ་རིགས་གང་ཡིན་ལ་དཔྱད་པ་གང་ཤར་སྨྲ་བའི་གཏམ་ཕྲེང་> >ཞེས་པའི་བགྲོ་གླེང་དཔྱད་རྩོམ་གྱི་མཚན་བྱང་ཐོག་སྒྲོག་སྦྱང་ཞུས། བགློ་གླེང་བ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་སྒྲོག་སྦྱང་ཞུས་རྗེས་ཟུར་ཉན་པ་ཚོས་དོགས་འདྲི་དང་དཔྱད་བརྗོད་སོགས་ཚང་ཁ་ཤིག་ཤིག་བྱུང་བ་མ་ཟད། མཁན་པོ་དང་དགེ་རྒན་ཁག་ཅིག་གིས་ཀྱང་སྐབས་དོན་གསལ་བཤད་དང་ཟིན་མཚམས་ལ་དོགས་སློང་དགོས་རིགས་ཐོག་དགོངས་ཚུལ་ལྷུག་པར་བསྩལ།

བགྲོ་གླེང་གི་ཡུལ་དངོས།

མཇུག་ཏུ་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས་པ་དང་བགློ་གླེང་བ་རྣམས་ལ་ཕྱག་འཁྱེར་བསྩལ། འདུས་པ་ཡོངས་ནས་དགེ་རྩ་ཡོངས་སུ་བསྔོ་བའི་སྒོ་ནས་བགྲོ་གླེང་གི་མཇུག་ལེགས་པར་གྲུབ་བོ།།

༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་སྐབས་ལྔ་པའི་དཔྱད་རྩོམ་ཁག

དང་པོ། ཕག་མོའི་བྱིན་རླབས་ལ་བརྟག་པའི་རབ་ཏུ་བྱེད་པའི་སྒོ་རྒྱས་པར་དབྱེ་བ་བཞུགས་སོ། ། _ བསྟན་པ་བཟང་པོ། (བསྟན་བཅོས་ལོ་རིམ་གསུམ་པ)

གཉིས་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་པའི་སྐོར་ལ་དཔྱད་རྩོམ་འདུལ་འཛིན་དགྱེས་པའི་ལེགས་བཤད་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། _ ལྷག་པ་བསྟན་འཕེལ། (བསྟན་བཅོས་ལོ་རིམ་གཉིས་པ)

གསུམ་པ། བོད་ཀྱི་ཡིག་གཟུགས་སྐོར་གླེང་བ། _ ཚེ་དབང་དངོས་གྲུབ། (རིག་གནས་རབ་འབྱམས་པ་སྐབས་དྲུག་པ)

བཞི་པ། རྡུལ་ཕྲ་རབ་ལ་དཔྱད་པར་བདག་གི་བློ་གྲོས་ཀྱི་ནུས་ཚོད། _ འཇམ་དབྱངས་ཀུན་དགའ། (དབུ་མ་ལོ་རིམ་ལྔ་པ)

༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་སྐབས་དྲུག་པའི་དཔྱད་རྩོམ་ཁག

དང་པོ། ཤཱཀྱ་མུ་ནེའི་མཛེས་པའི་སྤྱན་ལ་ཐོགས་པའི་བདེ་གཤེགས་སྙིང་པོ་ལ་དཔྱད་པ་ཞུམ་པའི་སེམས་རྩ་གཅོད་པའི་སྤུ་གྲི། _ ཐུབ་བསྟན་རྒྱ་མཚོ། (སློབ་དཔོན་ལོ་རིམ་གཉིས་པ)

གཉིས་པ། དཔལ་ལྡན་ས་སྐྱ་པའི་དབུ་མའི་ལྟ་བའི་བཞེེད་ཚུལ་གྱི་སྐོར་ཅུང་ཟད་གླེང་བ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། ། _ འཕྲིན་ལས་བཟང་པོ། (སློབ་དཔོན་ལོ་རིམ་དང་པོ)

གསུམ་པ། སྦྱོར་ལམ་མཉམ་བཞག་དེ་བློ་རིགས་གང་ཡིན་ལ་དཔྱད་པ་གང་ཤར་སྨྲ་བའི་གཏམ་ཕྲེང་ཞེས་བྱ་བ་བཞུགས་སོ། ། _ ཤེས་རབ་དབང་ཕྱུག (བསྟན་བཅོས་ལོ་རིམ་དང་པོ)

བགྲོ་གླེང་གི་ཡུལ་དངོས།

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ནས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *