༈ འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭའི་གཞུང་ཆེན་དང་མཐོ་རིམ་རིག་གནས་ཀྱི་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་པ།

ཕྱག་འཁྱེར་སྩོལ་བའི་མཛད་སྒོའི་ཡུལ་དངོས།

བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་ཕོ་སྟག་ལོའི་བོད་ཟླ་ ༡ ཚེས་ ༢༦ སྤྱི་ལོ་ ༢༠༢༢ ཟླ་བ་ ༣ ཚེས་༢༨ ཉིན་སྟེ། གངས་ཅན་ལྗོངས་ཀྱི་བཅུ་ཕྲག་རིག་གནས་ཀྱི་ཤིང་རྟ་བ་ཆེན་པོ་ཆོས་རྗེ་འཇམ་དཔལ་དབྱངས་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མཚན་དཔེའི་མེ་ཏོག་གསར་དུ་བཞད་པའི་དུས་བཟང་ཁྱད་པར་ཅན་དང་སྟབས་བསྟུན། འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་སློབ་ལོ་ ༢༠༢༡ ལོར་གཞུང་ཆེན་དང་མཐོ་རིམ་རིག་གནས་ཀྱི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་ཡོད་པ་རེད།

༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་པ།

དེ་ཡང་བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་གིས་གོ་སྒྲིག་འོག་སྔ་དྲོའི་ཆུ་ཚོད་ ༨ སྐར་མ་ ༥༥ ཐོག་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཤིང། བཤད་གྲྭའི་མཁན་ཆེན་བསམ་འགྲུབ་མཆོག་དང། བཤད་གྲྭའི་ལས་ཐོག་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། གཞི་རིམ་སློབ་གྲྭ་ཀནིཥྐའི་སློབ་སྤྱི་བསྟན་འཛིན་གཡང་འཛོམས་ལགས། དེ་བཞིན་བཤད་གྲྭའི་མཁན་པོ་དགེ་རྒན་དང་སྐྱོར་དཔོན་རྣམ་པ། མཆོག་གི་སྤྲུལ་སྐུ་རྣམ་པ། མཐོ་རིམ་རིག་གནས་སྡེ་ཚན་གྱི་སློབ་དཔོན་རྣམ་པ། གཞི་རིམ་སློབ་གྲྭའི་དགེ་རྒན་རྣམ་པ། བཤད་གྲྭའི་སྐད་ཡིག་དགེ་རྒན་རྣམ་པ། གཙུག་ལག་བཤད་གྲྭ་འདིའི་གཞུང་ཆེན་དང་མཐོ་རིམ་རིག་གནས། གཞི་རིམ་སློབ་གྲྭ་བཅས་པའི་སློབ་གཉེར་བ་ཡོངས་བཅས་ཚང་འཛོམས་ཐོག སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་ཞིང། འདུས་པ་ཡོངས་ནས་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་སོགས་ཞལ་འདོན་མཛད།

དབུ་མའི་ཕྱག་འཁྱེར་བཞེས་མཁན་མཛད་སྒོར་དངོས་སུ་བཅར་ཐུབ་པ་རྣམ་པ།

དེ་མཚམས་སུ་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་གིས་སློབ་ལོ་ ༢༠༢༡ ལོའི་ཡིག་རྒྱུགས་ཆེན་མོའི་ནང་གི་འཛིན་རིམ་སོ་སོའི་སྐར་གྲངས་རྩེ་ཕུད་རྣམས་ལ་བྱ་དགའ་དང་གཟེངས་བསྟོད་ཕྱག་འཁྱེར། འཛིན་གྲྭ་གོང་འོག་གི་རྟགས་གསལ་འགྲན་བསྡུར་གྱི་ཨང་རིམ་དང་པོ་དང། གཉིས་པ། གསུམ་པ་བཅས་བླངས་པའི་འཛིན་གྲྭ་སོ་སོར་བྱ་དགའ་གསོལ་རས། དེ་བཞིན་སློབ་ལོ་འདིར་གཞུང་ཆེན་ཁག་གི་རྩ་བ་དང་འགྲེལ་པ་བློ་རྒྱུགས་ཕུལ་བའི་སློབ་མ་རྣམས་ལ་ལེགས་གསོལ་བྱ་དགའ་བཅས་བསྩལ་གནང་མཛད།

བསྟན་བཅོས་ཕྱག་འཁྱེར་བཞེས་མཁན་མཛད་སྒོར་དངོས་སུ་བཅར་ཐུབ་པ་རྣམ་པ།

སློབ་ལོ་འདིར་རྩ་འགྲེལ་བློ་འཛིན་མཛད་མཁན་སློབ་མ་བཞི་བཅུར་ཉེ་བ་བྱུང་ཡོད་པ་དང། དེ་དག་གི་ཁྲོད་དུ་སྔོན་འགྲོ་འོག་མར་ལུང་སྟོན་པ་སུམ་ཅུ་པ་དང། རྟགས་ཀྱི་འཇུག་པའི་རྩ་བ། ལེགས་བཤད་ལྗོན་དབང། བྱིས་པ་དག་ཡིག རྒྱལ་སྲས་ལག་ལེན་བཅས་གཞུང་ལྔ་ཡི་རྩ་བ་བློ་འཛིན་བྱེད་མཁན་དང། སྔོན་འགྲོ་གོང་མར་རྒྱལ་སྲས་ལག་ལེན་དང། ལུང་སྟོན་པ་སུམ་ཅུ་པ། རྟགས་ཀྱི་འཇུག་པ། ལེགས་བཤད་ལྗོན་དབང། དཀའ་གནད་གསལ་བའི་མེ་ལོང། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། དགེ་ཚུལ་ཀཱ་རི་ཀ་ལྔ་བཅུ་པ་བཅས་གཞུང་བདུན་གྱི་རྩ་བ་དང། སྤྱོད་འཇུག་འཛིན་གྲྭར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྩ་བ་ཆ་ཚང་གི་ཐོག་མདོ་སྡེ་རྒྱན་གྱི་ལེའུ་བརྒྱད་པའི་བར། དབུ་མ་འོག་མའི་འཛིན་གྲྭར་དབུ་མ་ལ་འཇུག་པའི་རྩ་བ་ཆ་ཚང་དང། ཡང་འཇུག་པའི་རྩ་བ་སེམས་བསྐྱེད་པ་བཅུ་པའི་བར་གྱི་ཐོག་འཇུག་འགྲེལ་ལྟ་བ་ངན་སེལ་ལས་འབྲས་བུ་སངས་རྒྱས་ཀྱི་སའི་བར། རིགས་གཏེར་འཛིན་གྲྭར་རིགས་གཏེར་རྩ་བ་ཆ་ཚང་གི་ཐོག་ཏུ་རིགས་གཏེར་གསལ་བྱེད་ཀྱི་གཞན་དོན་རྗེས་དཔག་གི་དངོས་འབྲས་སྣང་རུང་མ་དམིགས་པ་གསུངས་པ་ཡིན་ནོ་ཞེས་པའི་བར། རྣམ་འགྲེལ་འཛིན་གྲྭར་རྣམ་འགྲེལ་ལེའུ་དང་པོ། མཛོད་འཛིན་གྲྭར་ཆོས་མངོན་པའི་མཛོད་ཀྱི་རྩ་བ་ཆ་ཚང། སྡོམ་གསུམ་འཛིན་གྲྭར་སྡོམ་གསུམ་ཁ་སྐོང་གི་རྩ་བ་ཆ་ཚང། རིག་གནས་རབ་འབྱམས་པའི་འཛིན་གྲྭར་སུམ་རྟགས་རྩ་བ་ཆ་ཚང་གི་ཐོག་སྙན་ངག་མེ་ལོང་མའི་རྩ་བ་ཆ་ཚང་བཅས་ཀྱི་བློ་རྒྱུགས་ཕུལ་མཁན་བྱུང་འདུག

སློབ་དཔོན་གྱི་ཕྱག་འཁྱེར་བཞེས་མཁན་མཛད་སྒོར་དངོས་སུ་བཅར་ཐུབ་པ་རྣམ་པ།

དེ་ནས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་གིས་སློབ་ལོ་ ༢༠༢༡ ལོར་གཙུག་ལག་བཤད་གྲྭ་འདི་ནས་དབུ་མ་འཛིན་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས་ལ་དབུ་མའི་ཕྱག་འཁྱེར་དང། བསྟན་བཅོས་འཛིན་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས་ལ་བསྟན་བཅོས་ཕྱག་འཁྱེར། དེ་བཞིན་སློབ་དཔོན་འཛིན་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས་ལ་སློབ་དཔོན་གྱི་ཕྱག་འཁྱེར་དང་ཆོས་གོས་རྣམ་སྦྱར་རེ་བཅས་རིམ་གྱིས་བསྩལ་ཞིང་མཉམ་དུ་སྐུ་པར་སྒྲོན་པའི་གོ་སྐབས་ཀྱང་བཀའ་དྲིན་བསྩལ།

ཕྱག་འཁྱེར་འབུལ་བའི་མཛད་སྒོའི་ཡུལ་དངོས།

གཞུང་ཆེན་མཐར་ཕྱིན་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་གྲུབ་མཚམས་སུ་བཤད་གྲྭའི་མཁན་ཆེན་བསམ་འགྲུབ་མཆོག་གིས་མཛད་སྒོར་ཕེབས་པའི་འདུས་པ་ཡོངས་ལ་འཚམས་འདྲི་དང་བཅས་ཏེ་གནད་དོན་གསུམ་གྱི་ཐོག་ཏུ་བླང་དོར་བཀའ་སློབ་བསྩལ། དེ་ཡང་མཁན་ཆེན་མཆོག་གིས་གནད་དོན་དང་པོར་བསླབ་པ་མཐར་སོན་པའི་སློབ་མ་རྣམ་པས་སོ་སོས་གང་སྦྱངས་པ་དེའི་ལག་རྗེས་ཐོན་ཐུབ་པ་ཞིག་དགོས་པའི་སྐོར་ལ་གསུངས་གསལ། བསླབ་པ་མཐཪ་སོན་པའི་སློབ་མ་རྣམས་ཀྱིས་དེ་རིང་ཕྱག་འཁྱེར་བཞེས་ཏེ་ལོ་ངོ་དུ་མའི་རིང་ལ་གཞུང་ཆེན་དང་རིག་གནས་སོ་སོར་སློབ་གཉེར་གནང་ནས་གྲུབ་འབྲས་ཐོབ་པ་ལྟ་བུ་ཞིག་ཏུ་སྣང་ན་ཡང་། དོན་ངོ་མར་སློབ་གཉེར་གནང་བའི་གྲུབ་འབྲས་ངོ་མ་ཐོབ་པར་བྱེད་པའི་ལས་དོན་གྱི་འགོ་བཙུགས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་དགོས་པ་སྨན་པ་ཞིག་ལ་མཚོན་ན་སྨན་བཅོས་ལག་རྩལ་སྦྱངས་ནས་གྲུབ་འབྲས་ངོ་མ་དེ་ནད་བཅོས་སྲོག་སྐྱོབ་ཀྱི་སྟེང་ནས་ཐོན་དགོས་པ་དང། དེ་བཞིན་ཞིང་པ་ཞིག་ལ་མཚོན་ན་ཡང་ས་བོན་ལག་ཏུ་ལོན་ནས་ཞིང་ས་བཟང་པོ་བཙལ་ཏེ་ལོ་ཏོག་འདེབས་དགོས་ཤིང། བཏབ་པའི་ལོ་ཏོག་ལེགས་པར་སྨིན་པའི་དུས་སུ་གྲུབ་འབྲས་ངོ་མ་ཐོབ་པར་ངོས་འཛིན་བྱེད་དགོས་པ་བཞིན། བསླབ་པ་མཐར་སོན་ཏེ་རང་གིས་གང་སྦྱངས་པའི་འབྲས་བུ་སྒོམ་རྟགས་ཉོན་མོངས་མེད་པ་ཞིག་བྱུང་བའམ། ཡང་ན་རང་གིས་གང་སྦྱངས་པའི་ནང་དོན་རིག་པའི་གཞུང་དང་རིག་གནས་གང་ཡིན་པ་དེ་འཆད་སྤེལ་བགྱིས་ཏེ་གཞན་ལ་སྤེལ་ཐུབ་པ་ཞིག་བྱུང་ན་དེ་དུས་བཀྲ་ཤིས་བདེ་ལེགས་ཞུ་དགོས་པའི་གྲུབ་འབྲས་ངོ་མ་དེར་ངོས་འཛིན་འོས་པའི་སྐོར་དང། གཞན་ལ་འཆད་སྤེལ་བྱེད་ཕྱོགས་ཀྱི་སྐོར་ནས་ཀྱང་འཆད་ཉན་གྱི་བསྟི་གནས་རྣམས་ལ་བྱ་དགོས་རྒྱུ་སྨོས་མེད་ཀྱང། བོད་དང་ཧི་མ་ལ་ཡའི་སྤྱི་ཚོགས་ཀྱི་མི་མང་དཀྱུས་མའི་ནང་དུ་གཞུང་འཆད་ཉན་ལ་སྟོང་ཆ་ཆེན་པོ་ཞིག་ཡོད་པས་དེ་ཚོའི་ཐོག་ལ་ཡང་ངེས་པར་བསམ་བློ་གཏོང་གལ་ཆེ་བའི་སྐོར་ལ་ལམ་སྟོན་གནང།

མཁན་ཆེན་བསམ་འགྲུབ་མཆོག་གིས་བླང་དོར་བཀའ་སློབ་གནང་བཞིན་པ།

གནད་དོན་གཉིས་པར་སློབ་གཉེར་བ་རྣམས་ཀྱིས་སློབ་གཉེར་གནང་ཕྱོགས་ཀྱི་ཐོག་ལ་ལམ་སྟོན་གནང་གསལ། སྔ་མོའི་དུས་དང་མི་འདྲ་བར་དེང་གི་དུས་སུ་གཞུང་གང་སྦྱང་ཡང་མཁས་པ་མི་འདྲ་བའི་གཞུང་འགྲེལ་གང་དགོས་ཧ་ལམ་རག་པ་ལྟ་བུ་ཡིན་ན་ཡང། ཐོག་མར་རྩ་བ་དང་རང་ལུགས་གཞུང་འགྲེལ་གྱི་སྟེང་ནས་གོ་བ་བརྟན་པོ་དང་གསལ་པོ་ཞིག་ཡོང་བ་བྱས་ཏེ་དེ་ནས་མཁས་པ་གཞན་དང་གཞན་གྱི་འགྲེལ་ཚུལ་རྣམས་ཀྱང་བཀླགས་ཏེ་མཁས་པ་སོ་སོའི་བཞེད་པ་དང་འགྲེལ་ཚུལ་གྱི་མཚམས་རྣམས་གསལ་པོ་ངེས་པར་བྱ་རྒྱུ་གལ་ཆེ་བ་ལས། ཐོག་མ་ཉིད་ནས་འགྲེལ་བ་འདྲ་མིན་དུ་མ་བཀླགས་ཏེ་རང་ལུགས་གཞན་ལུགས་ཀྱི་གནད་དང། མཁས་པ་སོ་སོའི་བཞེད་མཚམས་དང་འགྲེལ་ཚུལ་མི་འདྲ་བ་རྣམས་གང་ཡང་མི་ངེས་པར་རབ་རིབ་ལྟ་བུ་ཞིག་ཆགས་སོང་བ་ཡིན་ན་མི་འགྲིག་པའི་ཚུལ་དང། དེ་བཞིན་འགྲེལ་བར་ལྟ་བའི་སྐབས་སུ་ཡང་དུས་ཡུན་རིང་པོར་བལྟ་རྒྱུ་ཙམ་གལ་ཆེ་བ་མ་ཡིན་པར་ཆུ་ཚོད་གཉིས་ཀྱི་རིང་ལ་འགྲེལ་བ་བལྟ་རྒྱུ་ཡིན་ན་སྐར་མ་ལྔ་བཅུ་ཙམ་ཞིག་ལ་རིག་པ་བསྒྲིམས་ནས་བལྟས། དེ་ནས་སྐར་མ་བཅུ་ཙམ་ངལ་གསོ་བྱས། ཡང་སྐར་མ་ལྔ་བཅུ་ཙམ་ཞིག་ལ་རིག་པ་བསྒྲིམས་ཏེ་བལྟས་ན་དགེ་མཚན་ཆེ་ཞིང་གྲུབ་འབྲས་ཆེ་བ་ཡོད་པ་ཉམས་མྱོང་གི་སྟེང་ནས་དང། དེང་གི་སློབ་གཉེར་སློབ་གསོ་བ་ཁག་གིས་ཀྱང་དེ་བཞིན་གསུང་གི་ཡོད་པས་དེ་ཚོའི་ཐོག་ཏུ་ཡང་བསམ་བློ་གཏང་རྒྱུ་གལ་ཆེ་བའི་ལམ་སྟོན་གནང།

༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེས་ཕྱག་འཁྱེར་སྩོལ་བཞིན་པ།

གནད་དོན་གསུམ་པར་སློབ་གཉེར་བ་རྣམས་ཀྱིས་རང་ལ་ཐོབ་བཞིན་པའི་མཐུན་རྐྱེན་དང་གོ་སྐབས་རྣམས་ངོས་ཟུངས་དགོས་རྒྱུ་གལ་ཆེ་བའི་སྐོར་ལ་གསུང་གསལ། བཤད་གྲྭ་འདི་ལ་ཆ་མཚོན་ན་སློབ་གཉེར་གྱི་ཐོག་ནས་གཞན་ལ་ཡིད་སྨོན་ཤོར་མི་དགོས་པར་གཞུང་ཆེན་སློབ་གཉེར་གྱི་ཐོག་ནས་ད་བར་དུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བསྟན་པ་དང་དགོན་པ་ཁག་ལ་ཞབས་ཕྱི་རྒྱ་ཆེན་པོ་ཞུས་དང་ཞུ་བཞིན་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་སྐྱེད་སྲིང་ཐུབ་ཡོད་པའི་སློབ་གཉེར་གྱི་བསྟི་གནས་ཤིག་ཡིན་པ་དང། དེས་མ་ཚད་དེང་རབས་དུས་ཀྱི་དགོས་མཁོ་དང་མཐུན་པར་ཚད་ལྡན་གྱི་ཞིབ་འཇུག་སྡེ་ཚན། མཐོ་རིམ་རིག་གནས་ཀྱི་སྡེ་ཚན། དེ་བཞིན་སྐད་ཡིག་སྡེ་ཚན་སོགས་རང་ཉིད་བསྟན་པ་དང་སྤྱི་ཚོགས་ལ་སྨན་པའི་མི་སྣ་ཞིག་ཆགས་དགོས་ན་དེ་ལྟར་ཆགས་ཐུབ་པའི་སློབ་གཉེར་གྱི་གོ་སྐབས་ཕུན་སུམ་ཚོགས་པ་ཡོད་པ་དང། སློབ་གཉེར་གྱི་མཐུན་རྐྱེན་ཟས་གོས་གནས་མལ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཡང་ཤིན་ཏུ་བཟང་པོ་ཡོད་པ་དཔེར་ན། བཤད་གྲྭ་འདིར་སློབ་གཉེར་ལ་ཕེབས་པའི་དགེ་སློབ་སུ་ཞིག་ཡིན་ན་ཡང་ན་ཚའི་དབང་གིས་སྨན་ཁང་ལྟ་བུར་ཕེབས་དགོས་པ་བྱུང་ན་ཡང་འགྲོ་སོང་གི་མཐུན་རྐྱེན་ཆ་ཚང་སྦྱར་གྱི་ཡོད་པས་མཚོན་ཏེ། སློབ་གཉེར་ལ་སྨན་པའི་མཐུན་རྐྱེན་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ་ལྟ་བུ་ཡོད་བསྡད་པ་འདི་ཚོ་ངོས་ཟིན་དགོས་ཤིང། ལྷ་སའི་རྒས་མོས་ལྷ་སའི་ཇོ་བོ་མི་མཇལ་བའི་དཔེ་ལྟ་བུ་དང། ནོར་བུའི་གླིང་ནས་ལག་སྟོངས་ལ་ལོག་སོང་བ་ལྟ་བུ་མ་ཡིན་པར་བཤད་གྲྭ་འདིས་རང་ལ་བསྐྲུན་པའི་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་བཟང་པོ་དེ་ཚོ་ངོ་ཤེས་པའི་ཐོག་ནས་སློབ་སྦྱོང་གི་གོ་སྐབས་ཆ་ཚང་བ་ལེན་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཅས་ཀྱི་སྐོར་ནས་ལམ་སྟོན་བཀའ་སློབ་ཟབ་ཅིང་རྒྱས་པ་བསྩལ། མཁན་ཆེན་བསམ་འགྲུབ་མཆོག་གི་བཀའ་སློབ་གྲུབ་མཚམས་འདུས་མང་ཡོངས་ནས་ཀུན་མཁྱེན་དོལ་པོ་པའི་བསྟན་འཛིན་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ།

རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོའི་ཡུལ་དངོས། ༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ།(དབུས) མཁན་ཆེན་བསམ་འགྲུབ་མཆོག(གཡས་དང་པོ) ལས་ཐོག་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག(གཡོན་དང་པོ) གཙུག་ལག་རབ་འབྱམས་པའི་ངེས་སྟོན་པ་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས།(གཡས་གཉིས་པ) གཞི་རིམ་སློབ་གྲྭ་ཀནིཥྐའི་སློབ་སྤྱི་བསྟན་འཛིན་གཡང་འཛོམས་ལགས།(གཡོན་གཉིས་པ)

ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ལ་ཕྱི་དྲོའི་མཛད་རིམ་གྱི་ཐོག་མར་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་མཛད། འདུས་མང་ཡོངས་ནས་འཇམ་དབྱངས་བསྟོད་པ་སོགས་ཞལ་འདོན་གྲུབ་མཚམས་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་ནས་སྤྱི་ལོ་ ༢༠༢༡ ལོའི་བཤད་གྲྭའི་དབུ་མཆོད་སོགས་ལས་སྣེ་རྣམས་ལ་བྱ་དགའ་གསོལ་རས་བསྩལ།

དེ་ནས་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཐོ་རིམ་རིག་གནས་སྡེ་ཚན་གྱི་རིག་གནས་རབ་འབྱམས་པ་སྐབས་བཞི་པའི་མཐར་ཕྱིན་སློབ་མ་རྣམས་ལ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བསྩལ་ཞིང་མཐར་ཕྱིན་སློབ་མ་རྣམས་ལ་མཉམ་སྒྲོན་འདྲ་པར་ལེན་པའི་གོ་སྐབས་ཀྱང་གནང། སྤྱི་ལོ་ ༢༠༢༡ ལོར་སློབ་མཐར་ཕྱིན་པའི་སྐབས་བཞི་པའི་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་སློབ་མ་ཉི་ཤུ་ཡོད་པ་ལས་སློབ་མ་བཞི་མཛད་སྒོར་བཅར་མ་ཐུབ་པ་ཕུད་གཞན་ཐམས་ཅད་ཀྱིས་ཕྱག་འཁྱེར་དངོས་སུ་བཞེས་ཡོད་པ་རེད།

སྐབས་བཞི་པའི་རིག་གནས་རབ་འབྱམས་པ་རྣམས་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་རིག་གནས་རབ་འབྱམས་པའི་སློབ་དཔོན་རྣམ་པ་དང་ལྷན་དུ།

ཕྱག་འཁྱེར་བསྩལ་གྲུབ་རྗེས་ལས་ཐོག་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་སྐུ་མགྲོན་དང་འདུས་མང་ཡོངས་ལ་འཚམས་འདྲི་དང་བཅས་ཏེ་བཀའ་སློབ་བསྩལ། དེ་ཡང་ལས་ཐོག་མཁན་རིན་པོ་ཆེ་མཆོག་གིས་དེ་རིང་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་བཞེས་མཁན་རྣམ་པས་བསྟན་པ་སྤྱི་ལ་ཞབས་ཞུ་བསྒྲུབ་རྒྱུ་དང། བྱེ་བྲག་ཏུ་གསལ་བསྒྲགས་སྔོན་སོང་བཞིན་བཤད་གྲྭ་འདི་ཉིད་ཀྱི་ཞབས་འདེགས་སུ་གཏོགས་པའི་ལས་གནས་ཆེ་ཕྲ་གང་ལ་བསྐོ་བཞག་བྱས་པ་བྱུང་ན། བཤད་གྲྭ་འདི་ནས་སློབ་གཉེར་གྱི་གོ་སྐབས་བཟང་པོ་འདི་འདྲ་ཞིག་གི་འོག་ནས་སློབ་སྦྱོང་བྱ་རྒྱུ་བྱུང་བའི་བཀའ་དྲིན་སྙིང་བཅངས་ཀྱིས་མ་མཐར་ཡང་ལོ་ངོ་གཅིག་གཉིས་ཤིག་ལ་ཞབས་འདེགས་ཞུ་བའི་ཐུགས་རེ་ཡོད་ཅིང་དེ་ལྟར་བྱས་པ་དྲིན་ཤེས་དགོས་རྒྱུ་དེ་ཆོས་དང་འཇིག་རྟེན་གང་ཐད་ནས་ཀྱང་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང། དེ་ལྟར་གསུངས་དགོས་དོན་ཡང་བཤད་གྲྭ་འདི་ཡིས་ཆོས་དང་ཟང་ཟིང་གིས་བསྐྱངས་ཤིང་སྤྱི་ཚོགས་ཀྱི་སྟེང་དུ་རང་འགོ་ཐོན་པ་བྱུང་མཚམས་ཧ་ལམ་བཤད་གྲྭ་འདི་དང་འབྲེལ་བ་མེད་པ་ལྟ་བུའི་ངང་ཚུལ་འཛིན་པ་དང། མཐའ་ན་རང་ལ་བཀའ་དྲིན་ཆེ་བའི་བཤད་གྲྭ་འདི་དང་འདིའི་ལས་ཀྱི་སྣེ་མོ་བ་དེ་འདྲ་ལ་ཁྱད་གསོད་བྱེད་པ་ལྟ་བུའི་སྤྱོད་ཚུལ་ངན་པ་བྱེད་མཁན་རེ་ཟུང་བྱུང་གི་ཡོད་ཙང་ཡིན་གསུངས།

ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་ནས་གསུང་བཤད་གནང་བཞིན་པ།

དེ་བཞིན་བཤད་གྲྭའི་སློབ་གཉེར་བ་ཡོངས་ལ་ཐོས་རྟགས་ཞི་ཞིང་དུལ་བ་ཞེས་གསུངས་པ་བཞིན་སྒྲིག་ལམ་ཀུན་སྤྱོད་ཀྱི་སྐོར་ནས་ལམ་སྟོན་གནང་གསལ། ན་ནིང་ལྟ་བུར་ནད་ཕྱི་ཡམས་ཀྱི་བཀའ་སྡོམ་ཆེ་བའི་ཐོག་ཏུ་ནང་བཤད་གྲྭ་ཡི་ཁྲིམས་སྒྲིག་ལམ་རྣམས་ཀྱང་དམ་པོར་བསྡམས་པ་ཡིན་ན་སློབ་གཉེར་བ་རྣམ་པའི་སེམས་ཁམས་ལ་གནོད་དོགས་ཀྱིས་ཅུང་ལྷོད་ཡངས་ཀྱི་རྣམ་པའི་ཐོག་ནས་བཞག་པ་ཡིན་ན་ཡང། ད་ལྟའི་ཆར་ནད་ཡམས་ཀྱི་བཀག་སྡོམ་སོགས་ཧ་ལམ་མེད་པ་ལྟ་བུའི་གནས་སྟངས་བཟང་དུ་སོང་ཡོད་སྟབས། སློབ་གཉེར་གྱི་མཐུན་རྐྱེན་དུ་གཏན་ལ་ཕབ་པའི་བཤད་གྲྭའི་བཅའ་ཡིག་ཏུ་འཁོད་པའི་སྒྲིག་ལམ་གྱི་རིམ་པ་རྣམས་ཚགས་ཚུད་བསྲུང་དགོས་པ་སྔར་རྒྱུན་བཞིན་ཡིན་པས་སློབ་གཉེར་བ་ཡོངས་ཀྱིས་དེ་ལུགས་བཞིན་མཛད་དེ་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་འགྲོ་བ་ཞིག་མཛད་དགོས་པ་ལས། རང་གི་ལུས་ངག་གི་ཀུན་སྤྱོད་དང་ན་བཟའ་མནབ་ལུགས་སོགས་ཀྱི་དབང་གིས་གཞན་མ་དད་པ་བྱེད་པའི་རྐྱེན་དུ་འགྱུར་སོང་ན་རང་གཞན་གཉིས་ཀའི་རྒྱུད་ལ་ཚོགས་ངན་གསོག་པའི་རྒྱུ་ཆགས་ཀྱི་ཡོད་སྟབས་ཚང་མས་ཡིད་གཟབ་གནང་དགོས་པའི་ལམ་སྟོན་གནང་།

མཐོ་རིམ་རིག་གནས་སྡེ་ཚན་གྱི་སློབ་དཔོན་རྣམ་པ། གཞི་རིམ་སློབ་གྲྭའི་དགེ་རྒན་རྣམ་པ། བཤད་གྲྭའི་སྐད་ཡིག་དགེ་རྒན་བཅས་པ་མཛད་སྒོར་ཕེབས་པ།

དེ་བཞིན་བཤད་གྲྭའི་དགེ་སློབ་ཡོངས་ནས་སློབ་སྦྱོང་གི་ཐོག་ལ་འབད་འབུང་སྔར་ལྷག་གནང་གལ་ཆེ་བའི་སྐོར་ནས་གསུངས་གསལ། ན་ནིང་གཞེས་ནིང་གི་ནད་ཡམས་ཀྱི་དཀའ་ངལ་གྱི་དབང་གིས་དགོངས་ཞུས་ཀྱིས་ཕེབས་སོང་བའི་ཁོངས་ནས་ཁག་ཅིག་ཕྱིར་ཕེབས་ཐུབ་པ་བྱུང་ནས་འཛིན་གྲྭ་རེ་ཟུང་ལ་སློབ་མའི་ཁ་གྲངས་ཉུང་དུ་སོང་ཡོད་ཀྱང། སློབ་གཉེར་བ་རྣམས་ཀྱིས་དེ་ཉིད་ཀྱང་རྐྱེན་ངན་གྲོགས་སུ་ལྟ་བའི་དཔེ་བཞིན་རང་ལ་རྩོད་པ་དང་བགྲོ་གླེང་སོགས་ཀྱི་ཆ་ཤས་ལེན་པའི་གོ་སྐབས་ཆེ་རུ་སོང་ཡོད་པས་དེ་བཞིན་དམ་འཛིན་གནང་རྒྱུ་དང། འཛིན་གྲྭ་ཁག་གི་དཔེ་ཁྲིད་མཛད་མཁན་རྣམ་པས་ཀྱང་རང་གི་འཛིན་གྲྭའི་སློབ་མ་རྣམས་ཀྱི་ལོ་གཅིག་གི་སློབ་སྦྱོང་གི་མི་ཚེ་དེ་དགེ་རྒན་རྣམ་པའི་ཕྱག་ལ་ཡོད་སྟབས་དཀའ་ངལ་ཁྱད་བསད་ཀྱིས་དཔེ་འཁྲིད་སོགས་ཀྱི་ཕྱག་ལས་གནང་རྒྱུའི་ཞེན་སྐུལ་གནང་བ་དང། དེ་བཞིན་སློབ་མ་རྣམ་པའི་ངོས་ནས་ཀྱང་གཙོ་ཆེ་ཆོས་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །ཞེས་གསུངས་པ་བཞིན་དུ་སོ་སོ་རང་ཉིད་ཀྱིས་དོན་གཉེར་དང་བརྩོན་འགྲུས་མ་བྱས་ན་སངས་རྒྱས་སྐུ་དངོས་སུ་ཕེབས་ན་ཡང་གང་ཡང་བྱེད་ཐབས་མེད་པས། དགེ་རྒན་རྣམ་པས་དཔེ་ཁྲིད་གནང་བ་གཅིག་པུས་རང་གི་སློབ་སྦྱོང་ཡར་རྒྱས་གོང་འཕེལ་དུ་འགྲོ་མི་ཐུབ་པས་དོན་གཉེར་དང་བརྩོན་འགྲུས་བསྟེན་པ་གལ་ཆེན་ཡིན་པའི་བཀའ་སློབ་གནང།

བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་གི་འགན་འཁུར་བ་དགེན་དཀོན་མཆོག་བསམ་གཏན་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་བཞིན་པ།

ལས་ཐོག་མཁན་རིན་པོ་ཆེ་མཆོག་གི་བཀའ་སློབ་གྲུབ་མཚམས་བཤད་གྲྭའི་ཡིག་རྒྱུགས་ཚོགས་ཚུང་གི་འགན་འཁུར་བ་དགེན་དཀོན་མཆོག་བསམ་གཏན་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ཞིང། འདུས་མང་ཡོངས་ནས་བསྟན་རྒྱས་སྨོན་ལམ་གསུངས་ཏེ་དེ་རིང་གི་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་སོང་བ་བཅས་ཀྱི་གནས་བསྡུས་སུ། ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་གིས་སྤེལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *