༄༅། །ཀུན་མཁྱེན་བཀའ་འབུམ་བསྐྱར་དཔར་མ་དང་མཁན་པོ་འཇམ་དབྱངས་བསྟན་པ་ལགས་ནས་བསྒྱུར་གནང་བའི་ <<མཁན་པ་སྐྱེས>> ཀྱི་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས།

༸སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་པ།

༄༅། །དེ་རིང་སྤྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༩ པའི་ཚེས་ ༧ ཉིན་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དགུང་གྲངས་དོན་བདུན་དུ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན། འཕགས་ཡུལ་རྫོང་སར་བཤད་གྲྭར་ཁམས་བྱེ་རྫོང་སར་བཤད་གྲྭས་བསྒྲིགས་གནང་བའི་ཀུན་མཁྱེན་བཀའ་འབུམ་བསྐྱར་དཔར་གྱི་འགྲེམས་སྤེལ་དབུ་འབྱེད་མཛད་སྒོ་དང་།༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབྱིན་སྐད་དུ་མཛད་ཅིང་མཁན་པོ་འཇམ་དབྱངས་བསྟན་པ་ལགས་ནས་བོད་བསྒྱུར་ཞུས་པའི་རང་རྣམ་ <<མཁན་པ་སྐྱེས>> ཞེས་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོ་འཚོགས་ཡོད།

༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་མཆོག་ནས་ཀུན་མཁྱེན་བཀའ་འབུམ་བསྐྱར་དཔར་མའི་དཔེ་དེབ་དབུ་འབྱེད་གནང་བ།

༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་མཆོག་ནས་<<མཁན་པ་སྐྱེས>>ཀྱི་དཔེ་དེབ་དབུ་འབྱེད་གནང་བ།

དེ་ཡང་མཛད་སྒོའི་ཐོག་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་དབུར་བཞུགས་ཐོག་མཁན་ཆེན་རྣམ་པ་དང་། ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ། དེ་བཞིན་མཁན་པོ་དགེ་རྒན་རྣམ་པའི་གཙོས། བཤད་གྲྭ་དང་གཞི་རིམ་ཀ་ཎིཥྐའི་སློབ་གྲྭའི་དགེ་སློབ་ཡོངས་རྫོགས་འཛོམས་པའི་ཐོག་ཐོག་མར་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་ནས་དཔེ་དེབ་གཉིས་ཀའི་དབུ་འབྱེད་གནང་།

མཁན་པོ་འཇམ་དབྱངས་བསྟན་པ་ལགས་ནས་གསུང་བཤད་གནང་བཞིན་པ།

དེ་རྗེས་ <<མཁན་པ་སྐྱེས་>> སྒྱུར་བ་པོ་མཁན་པོ་འཇམ་དབྱངས་བསྟན་པ་ལགས་ནས་རང་ཉིད་ལ་ཤེས་འཇོན་གྱིས་དམན་པ་སོགས་ཀྱིས་ཁེངས་སྐྱུངས་སྔོན་དུ་འགྲོ་བའི་ཐོག ད་ཐེངས་འགྱུར་གྱི་ལས་གཞི་ཆེན་པོ་འདིར་ཞུགས་པའི་དགོས་དོན་སོགས་ལས་འཕྲོས་ཏེ་གསུང་བཤད་གནད་དུ་སྨིན་པ་བསྩལ།

ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་ལགས་ནས་གསུང་བཤད་གནང་བཞིན་པ།

དེ་ནས་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་ནས་མཁན་པོ་འཇམ་དབྱངས་བསྟན་པ་ལགས་ཀྱིས་བོད་བསྒྱུར་གནང་བ་ལ་བསྟོད་བསྔགས་དང་འབྲེལ་ <<ཀུན་མཁྱེན་བཀའ་འབུམ་བསྐྱར་དཔར་མ་དང་མཁན་པ་སྐྱེས་>> གཉིས་ཀ་དང་འབྲེལ་བའི་གསུང་བཤད་ལྷུག་པོར་བསྩལ།

མཛད་སྒོའི་ཡུལ་དངོས།

<<མཁན་པ་སྐྱེས་>> ནི་༸སྐྱབས་མཆོག་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་དབྱིན་སྐད་དུ་ <<Mugwort Born>> གྱི་མཚན་ཐོག་ཏུ་བརྩམས་པའི་རང་རྣམ་ལྟ་བུ་ཞིག་ལགས་ཤིང་། ད་བར་ལེའུ་བཅུ་བདུན་དབར་བརྩམས་གྲུབ་པ་དྲྭ་ཐོག་ཏུ་མཇལ་དུ་ཡོད། ལེའུ་རེ་རེར་ཡང་། ཚུལ་ཁྲིམས། དད་པ། སྙིང་རྗེ། ངེས་འབྱུང་། ཐབས། ཤེས་རབ། ལྟ་བ་སོགས་ཐབས་མཁས་ཀྱིས་འཕྲུལ་གྱིས་རང་གིས་མྱོང་བ་ལྟ་བུའི་གཏམ་རྒྱུད་རེ་དང་སྦྱར་ནས་གསུངས་པ་ལྟ་བུར་ཡོད་པས། ལྗགས་རྩོམ་འདིའི་ཁྱད་ཆོས་ཀྱི་ཐད་ནས་ཕྱི་ནས་སྒྲུང་གི་རྣམ་པས་ཀློག་ལ་སྤྲོ་བ། ནང་ནས་ཆོས་ཀྱི་དོན་དང་ལྡན་པས་ཀློག་པ་དོན་དང་ལྡན་པ། གསང་བའི་ཐད་ནས་རང་ཅག་ཁ་བ་རི་པའི་ཆོས་སྐལ་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་མཐར་ཐུག་བླ་མའི་རྣལ་འབྱོར་སོགས་ཀྱིས་ཚིག་འབྲུ་རེ་ཟུང་བཀླགས་པས་ཀྱང་མི་ཚེ་དོན་ལྡན་དུ་བྱས་པ་ལྟར་ཡོད་པའི་ཁྱད་ཡོན་དང་ལྡན་པའི་ཐོག་ནས་བསྟན་བཅོས་ཡོངས་སུ་གྲུབ་ཡོད།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

མཛད་སྒོའི་ཡུལ་དངོས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *