༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་སྐབས་གསུམ་པ་འཚོགས་པ།

དེ་རིང་སྟེ་ཕྱི་ལོ་ ༢༠༢༡ ཟླ་བ་ ༨ པའི་ཚེས་ ༢༧ ཉིན་འཕགས་ཡུལ་༸དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་སྐབས་གསུམ་པ་འཚོགས་ཡོད། གཞུང་ཆེན་དཔྱད་རྩོམ་བགྲོ་གླེང་འདི་ཉིད་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ལ་དམིགས་ཏེ་གཏན་འབེབས་མཛད་པ་ཇི་བཞིན། ད་ལན་གྱི་བགྲོ་གླེང་འདི་ཡང་བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་ནས་བཀོད་སྒྲིག་ལེགས་པར་མཛད་དེ་འཚོགས་ཡོད་པ་རེད།

༸སྐྱབས་རྗེ་འཁོན་གདུང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་བགྲོ་གླེང་གི་དབུ་ཞུགས་མཛད་པ།

དེ་ཡང་༸སྐྱབས་རྗེ་འཁོན་གདུང་འཇམ་དབྱངས་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་ཐོག་བཤད་གྲྭའི་མཁན་སློབ་འདུས་པ་ཡོངས་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་གདན་འཛོམས་ཏེ། བགྲོ་གླེང་གོ་སྒྲིག་པ་བཤད་གྲྭའི་ཡིག་རྒྱུགས་ཚོགས་ཆུང་གི་ཚོགས་མི་དགེན་རྒྱལ་བུ་དོན་འགྲུབ་ལགས་ནས་མཛད་རིམ་སྙན་སྒྲོན་ཞུས་པ་བཞིན། མཛད་རིམ་དང་པོར་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེས་སྣང་གསལ་མར་མེ་ཞལ་འབྱེད་མཛད་དེ་བགྲོ་གླེང་གི་ལས་རིམ་དབུ་འབྱེད་བཀའ་དྲིན་བསྐྱངས།

བགྲོ་གླེང་གི་ཡུལ་དངོས།

མཛད་རིམ་གཉིས་པར་འདུས་མང་ཡོངས་ནས་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་སོགས་ལྷག་པའི་ལྷ་དང་རྒྱ་བོད་སློབ་དཔོན་དག་གི་སྐུ་བསྟོད་ཀྱི་ཞལ་འདོན་གྲུབ་པ་དང། མཛད་རིམ་གསུམ་པ་བགྲོ་གླེང་དངོས་གཞིའི་ལས་རིམ་དབུ་འཛུགས་ཞུས་ཏེ། མཁན་ཆེན་ཆོས་དབྱིངས་རྡོ་རྗེ་མཆོག་གིས་གཙོ་སྐྱོང་འོག་དབུ་མ་ལོ་རིམ་བཞི་པ་རྣམ་འགྲེལ་འཛིན་གྲྭའི་གྲྭ་ཀརྨ་དབང་རྒྱལ་ལགས་ཀྱིས་<<ལྡོག་པ་ལ་དཔྱད་པ་>> ཞེས་པའི་མཚན་བྱང་འོག་ལྡོག་པ་མདོ་དང་རྒྱ་གར་མཁས་པའི་བསྟན་བཅོས་དག་ལས་བསྟན་ཚུལ་དང། རྗེས་འཇུག་བོད་ཀྱི་མཁས་པ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཚུལ། དེ་དག་གི་གནད་བསྡུས་ཏེ་རང་གིས་བསམ་པ་བརྗོད་པའི་སྒོ་ནས་མཇུག་བསྡུ་བསྟན་པ་བཅས་རྩ་བའི་ས་བཅད་གསུམ་གྱིས་གྲུབ་པའི་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་གནང་བ་དང་། འདྲི་བ་འདོན་མཁན་རྣམས་ནས་བསམ་འཆར་དང་། དོགས་སློང་། དོགས་འདྲི། དཔྱད་བརྗོད་སོགས་ཀྱིས་བགྲོ་གླེང་ལྷུག་པོར་གནང་མཐར། བགྲོ་གླེང་གཙོ་སྐྱོང་བ་མཁན་ཆེན་ཆོས་དབྱིངས་རྡོ་རྗེ་མཆོག་ནས་བགྲོ་གླེང་པའི་རྩོམ་ཤོག་མང་ཉུང་དང་ནང་དོན་གནད་དུ་བསྡུས་པ་སོགས་ལ་གདེང་འཇོག་དང། ལྡོག་པ་དང་གཞན་སེལ་གྱི་བརྡ་ཆད་འདི་རྟོག་གེ་ཚད་མ་སྨྲ་བའི་གཞུང་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཡིན་སྟབས་བཀའ་ཡི་ནང་ལ་ལྡོག་པ་ཞེས་པའི་ཚིག་ཙམ་ཡོད་པ་ལ་བརྟེན་ནས་བརྡ་ཆད་དེ་བཀའ་ལ་གཏུག་ཐུབ་མིན་དང། དེང་དུས་འཕྲུལ་ཆས་ཀྱི་དུས་ཡུན་ལ་ཡིག་ཆ་དང་ལུང་སོགས་འཚོལ་བདེ་ཡང་དཔྱད་རྩོམ་དུ་འདྲེན་དུས་སྐབས་དོན་དང་འབྲེལ་མིན་ལེགས་པར་བརྟག་གལ་ཆེ་བའི་སྐོར་ལ་ལམ་སྟོན་མཛད་དེ་མཇུག་ལེགས་པར་གྲུབ།

དེ་མཚམས་མཁན་ཆེན་བསམ་གྲུབ་མཆོག་གིས་གཙོ་སྐྱོང་འོག་བསྟན་བཅོས་ལོ་རིམ་གསུམ་པ་སྡོམ་གསུམ་འཛིན་གྲྭའི་གྲྭ་ངག་དབང་ཐེག་མཆོག་ལགས་ཀྱིས་<<སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ་>>ཞེས་པའི་མཚན་བྱང་འོག་སྐབས་དོན་གྱི་སྡོམ་པ་གསུམ་པོ་ངོས་བཟུང་བ་དང། རྣམ་དབྱེ་ཤེས་པའི་ཆེད་དུ་སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་ཚུལ་བཀོད་དེ་རང་ལུགས་སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ་དང། སྡོམ་གསུམ་ངོ་བོ་གཅིག་པར་དཔྱོད་ལྡན་ལ་འབྱུང་བའི་དོགས་པ་བསལ་བའི་སྒོ་ནས་རྩོད་པ་སྤོང་བ་དང། མཇུག་བསྡུ་བ་དང་བཅས་ཏེ་ས་བཅད་ཆེ་བ་བཞི་ལས་གྲུབ་པའི་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་གནང་ཞིང། དེ་འབྲེལ་དྲི་བ་དྲིས་ལན་ལུང་དང་རིགས་པའི་ལམ་ནས་དྲངས་ཏེ་བརྡར་ཤ་བཅད། མཇུག་ཏུ་བགྲོ་གླེང་གཙོ་སྐྱོང་བ་མཁན་ཆེན་བསམ་གྲུབ་མཆོག་ནས་བགྲོ་གླེང་རྩོམ་ཤོག་ལ་རྒྱ་བོད་མཁས་པའི་བཞེད་པ་མི་འདྲ་བ་རྣམས་ལུང་འདྲེན་དང་བཅས་ཏེ་བཀོད་པར་བསྔགས་བརྗོད་དང། ད་དུང་མ་འོངས་པར་ལུང་འདྲེན་རྣམས་ཀྱི་ལུང་ཁུངས་ཁ་གསལ་འགོད་ཐུབ་ན་དགེ་མཚན་ཆེ་བའི་ལམ་སྟོན་མཛད་དེ་མཇུག་ལེགས་པར་གྲུབ།

དེ་ནས་བཤད་གྲྭའི་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་གཙོ་སྐྱོང་འོག་དབུ་མ་ལོ་རིམ་ལྔ་པ་མཛོད་འཛིན་གྲྭའི་གྲྭ་ཀུན་དགའ་མཁས་གྲུབ་ལགས་ཀྱིས་<<རྡུལ་ཕྲན་ལ་དཔྱད་པ་བློ་ལྡན་འཛུམ་ཤོར་>>ཞེས་པའི་མཚན་བྱང་འོག་སྐབས་དོན་དཔྱད་གཞི་གང་ལས་འཕྲོས་པ་དང། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་རྡུལ་ཕྲ་རབ་གཟུགས་རུང་མ་ཡིན་ཅིང་རྟག་པ་སྒྲིབ་ཐོགས་དང་བྲལ་བར་བཞེད་པའི་ལུགས་ལ་དགག་བཞག་སྤོང་གསུམ་གྱིས་རིགས་པས་དཔྱད་པ་དང། རྡུལ་ཕྲན་གྱི་རྣམ་གཞག་ཤེས་པའི་ཕན་ཡོན་བསྟན་པས་མཇུག་བསྡུ་བ་དང་བཅས་ཏེ་ས་བཅད་ཆེ་བ་གསུམ་ལས་གྲུབ་པའི་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་གནང་ཞིང་འཇིག་རྟེན་གྱི་ཁམས་འཇིགས་ནས་ཇི་ལྟར་འཆགས་ཚུལ་སོགས་ལས་བརྩམས་པའི་དྲི་བ་དྲི་ལན་གནད་དུ་འཕེར་བ་མཛད། མཇུག་ཏུ་བགྲོ་གླེང་གཙོ་སྐྱོང་བ་བཤད་གྲྭའི་ལས་ཐོག་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་གིས་བགྲོ་གླེང་དཔྱད་རྩོམ་ཀྱི་དགག་སྒྲུབ་ཀྱི་ལུང་ཁུངས་སོགས་དེང་རབས་ཀྱི་འགྲོས་དང་མཐུན་པར་ཁ་གསལ་བཀོད་པར་བསྔགས་བརྗོད་དང། རྩོམ་ཤོག་ཏུ་དྲངས་པའི་མཛོད་རང་འགྲེལ་གྱི་ལུང་གཅིག་དཔར་གཞི་མི་འདྲ་བ་རྣམས་སུ་དེ་ལྟར་བཞུགས་ཀྱང་ཡི་གེ་མ་དག་པ་ཡིན་སྲིད་པའི་དགོངས་ཚུལ་དང་། དེ་བཞིན་མཛོད་རང་འགྲེལ་རང་གི་ནང་དུ་ཡང་རྡུལ་ཕྲན་ཡན་གར་བ་ཡོད་མེད་ཀྱི་སྐོར་ནས་ཚིག་འགྲོས་སྔ་ཕྱི་མི་མཐུན་པ་བྱུང་བས་དེ་དག་རྩ་བ་ཁ་ཆེ་བྱེ་སྨྲའི་ལུགས་སུ་བྱས་ཀྱང་རང་འགྲེལ་མདོ་སྡེ་པའི་ལུགས་སུ་བཀྲལ་བའི་དབང་གིས་བྱུང་མིན་དཔྱད་ཞིབ་བྱ་རྒྱུ་ཡོད་པ་སོགས་ཀྱི་སྐོར་ནས་ལམ་སྟོན་ཕེབས་ཏེ་མཇུག་ལེགས་པར་གྲུབ།

དེ་མཚམས་མཁན་པོ་ཚེ་རིང་མཆོག་གིས་གཙོ་སྐྱོང་འོག་བསྟན་བཅོས་ལོ་རིམ་དང་པོ་ཤེར་ཕྱིན་འཛིན་གྲྭའི་གྲྭ་བཀྲ་ཤིས་རིག་འཛིན་ལགས་ཀྱིས་<<རང་བཞིན་གནས་རིགས་ཀྱི་སྐོར་གླེང་བ་ཐོལ་སྐྱེས་ཀྱི་གཏམ་>>ཞེས་པའི་མཚན་བྱང་འོག་རང་བཞིན་གནས་རིགས་ཀྱི་སྒྲ་དོན་གྱི་སྐོར་དང། རྗེ་བཙུན་ཆེན་པོ་དང་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཚད་མ་བཞི་ཡིས་གཏན་ལ་ཕབ་པ་དང་རྗེས་སུ་མཐུན་པར་ཚད་མ་བཞི་ཡི་སྒོ་ནས་རང་བཞིན་གནས་རིགས་ཀྱི་དོན་གཏན་ལ་འབེབ་པ་དང། རྗེས་བསྔོ་བ་དང་བཅས་ཏེ་ས་བཅད་ཆེ་བ་གསུམ་གྱིས་གྲུབ་པའི་བགྲོ་གླེང་དཔྱད་རྩོམ་སྒྲོག་སྦྱང་མཛད་པ་དང། དོགས་འདྲི་མཛད་མཁན་དགེ་སློབ་རྣམས་དང་ལྷན་དུ་དྲི་བ་དྲི་ལན་ལྷུག་པར་མཛད། མཇུག་ཏུ་བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་ཚེ་རིང་མཆོག་གིས་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་གི་ཚད་མ་བཞི་ལྡན་གྱི་སྐོར་ལ་གསལ་བཤད་དང། སྐབས་དོན་བགྲོ་གླེང་གི་དཔྱད་རྩོམ་དགག་བཞག་སྤོང་གསུམ་གྱི་ལམ་ནས་འབྲི་ཐུབ་ན་དགེ་མཚན་ཆེ་བའི་ལམ་སྟོན་མཛད་དེ་མཇུག་ལེགས་པར་གྲུབ།

མཇུག་མཐར་བགྲོ་གླེང་གོ་སྒྲིག་པས་མཁན་ཆེན་ཆོས་དབྱིངས་རྡོ་རྗེ་ལ་སློབ་མ་རྣམས་ཀྱིས་གཞུང་ཆེན་ལ་ཐོས་བསམ་ཇི་ལྟར་བྱེད་དགོས་མིན་སྐོར་བཀའ་སློབ་གནང་བའི་གསོལ་འདེབས་ཞུས་པ་པ་བཞིན་མཁན་ཆེན་མཆོག་ནས། དམ་པའི་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱེད་མཁན་ཞིག་ཡིན་ནས་བཟུང་འཆི་བ་མི་རྟག་པའི་སྐོར་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས་པ་དང། རང་གིས་རང་ལ་འཆི་བར་ངེས་ཤིང། ནམ་འཆི་ཆ་མེད་པ། འཆི་བའི་ཚེ་ཆོས་མིན་པ་ཅིས་ཀྱང་མི་ཕན་པ་བཅས་ཀྱི་ཐོག་ལ་དུས་རྒྱུན་དུ་གསལ་འདེབས་བྱ་རྒྱུ་གལ་ཆེ་བའི་སྐོར་དང། དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་ཚེ་འདི་ཙམ་མ་ཡིན་པར་སྐྱེ་བ་ཕྱི་མར་ཡང་ཕན་པའི་ཀུན་ནས་བསླངས་ཏེ་སློབ་གསོ་ལམ་སྟོན་གནང་དགོས་པ་དང། སློབ་མ་རྣམས་ཀྱིས་ཀྱང་རང་གི་ཕ་མ་ལས་ཀྱང་ལྷག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དྲན་ཤེས་པའི་ཐོག་ནས་དགེ་རྒན་ལ་གུས་བཀུར་ཞུ་དགོས་པ་ལས། དེང་དུས་འདྲ་མཉམ་ཀྱི་ལྟ་བ་ལ་ཁ་གཡར་ནས་དགེ་བའི་བཤེས་གཉེན་ལ་གུས་བཀུར་མི་བྱེད་པའི་སྲོལ་ངན་འབྱུང་བཞིན་པ་འདི་དམ་པའི་ཆོས་ལ་མུ་གེ་འབྱུང་བའི་སྔ་ལྟས་ལྟ་བུ་ཡིན་པས་ངེས་པར་དུ་གཟབ་གཟབ་གནང་དགོས་པའི་སྐོར་དང། འཆི་བ་མི་རྟག་པ་དྲན་པ་དང་དགེ་བའི་བཤེས་གཉེན་ལ་གུས་བཀུར་བྱེད་ཤེས་པའི་ཐོག་ནས་སློབ་གཉེར་ལ་འབད་པ་གནང་དགོས་པའི་སྐོར་བཅས་དོན་ཚན་གསུམ་གྱི་ཐོག་ལ་བཀའ་སློབ་གནད་དུ་སྨིན་པ་བསྩལ།

མཁན་ཆེན་ཆོས་དབྱིངས་རྡོ་རྗེ་མཆོག་གིས་བཀའ་སློབ་གནང་བཞིན་པ།

བགྲོ་གླེང་ཁག་བཞི་ཀ་ལེགས་པར་གྲུབ་ནས་མཛད་རིམ་བཞི་པར་བཤད་གྲྭ་གཞུང་ངོས་ནས་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེའི་ཕྱག་ནས་བགྲོ་གླེང་བ་སློབ་མ་བཞི་ལ་བྱ་དགའ་གསོལ་རས་དང་བགྲོ་གླེང་ཕྱག་འཁྱེར་བསྩལ་པ་དང། བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་མཆོག་བགྲོ་གླེང་གི་དབུ་བཞུགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པར་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་ཕུལ་བ་དང། དེ་བཞིན་བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་རྣམ་པར་ཐུགས་རྗེ་ལེགས་གསོལ་ཞུས།

 

མཐར་འདུས་མང་ཡོངས་ནས་སྨོན་ལམ་འགྲོ་བདེ་མ་གསུང་འདོན་གྱིས་འཕགས་ཡུལ་༸དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ནང་ཁུལ་གཞུང་ཆེན་བགྲོ་གླེང་སྐབས་གསུམ་པ་བཀྲ་ཤིས་ལོ་ལེགས་ཀྱི་ངང་དུ་མཇུག་གྲུབ་ཡོད་པ་བཅས་སོ།། །།

 

ཀརྨ་དབང་རྒྱལ་ལགས་ཀྱིས་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་པ།

ངག་དབང་ཐེག་མཆོག་ལགས་ཀྱིས་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་པ།

ཀུན་དགའ་མཁས་གྲུབ་ལགས་ཀྱིས་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་པ།

བཀྲ་ཤིས་རིག་འཛིན་ལགས་ཀྱིས་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་པ།

བགྲོ་གླེང་གནང་བཞིན་པ།

བགྲོ་གླེང་གནང་བཞིན་པ།

 

བགྲོ་གླེང་པ་རྣམ་པར་གཟེངས་བསྟོད་གསོལ་རས་དང་ཕྱག་འཁྱེར་བསྩལ་བ།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *