༈ རྒྱལ་བུ་དོན་གྲུབ།

རྒྱལ་བུ་དོན་གྲུབ།

 

རྒྱལ་བུ་དོན་གྲུབ་མཆོག་ནི་ཏྲེ་ཧོར་དཀར་མཛེས་ཞིང་བཟང་གྲོང་སྡེ་རུ་ཕྱི་ལོ་ ༡༩༨༣ ལོ་ཕ་ཀུན་དགའ་བཀྲ་ཤིས་དང་མ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་བུར་སྐྱེས། མདའ་མདོ་སློབ་གྲྭའི་ནང་དུ་ལོ་བརྒྱད་ནས་བཅུ་བཞིའི་བར་དུ་གཞི་རིམ་གྱི་སློབ་ཚན་བོད་ཡིག་དང་རྒྱ་ཡིག་ཨང་རྩིས་བཅས་ལ་སློབ་གཉེར་བྱས་པ་དང་གདོང་ཐོག་དགོན་དུའང་ཐུན་མོང་ཆོས་སྤྱོད་ཀྱི་རིགས་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༠ ལོར་དཀར་མཛེས་དགོན་དུ་རབ་ཏུ་བྱུང་སྟེ་བསྡུས་གྲྭ་དང་གྲུབ་དོན་ས་གསུམ་བཅས་ལ་ལོ་བཞི་ཡས་མས་ལ་སློབ་གཉེར་གནང།

 

ཕྱི་ལོ་ ༢༠༠༥ ལོའི་དགུན་དུས་སུ་རྒྱ་གར་འཕགས་ཡུལ་དུ་འབྱོར་སྟེ་འཕགས་ཡུལ་རྫོང་སར་བཤད་གྲྭར་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་དང་། ཁོང་གི་ཐུགས་སྲས་སྡེ་སྣོད་འཛིན་པ་དག་གི་དྲུང་ནས་སུམ་རྟགས་དག་གསུམ་ནས་གཞུང་ཆེན་བཀའ་པོད་རྣམས་ལ་གསན་སྦྱོང་ཚུལ་བཞིན་བྱས་ཏེ་ཕྱི་ལོ་ ༢༠༡༡ ལ་དབུ་མ་དང་། ༢༠༡༤ལོར་བསྟན་བཅོས་འཛིན་རིམ་གྱི་རྒྱུགས་སྤྲོད་གནས་རིམ་དང་པོའི་ཕྱག་འཁྱེར་རིམ་བཞིན་བཞེས།

 

ཕྱི་ལོ་ ༢༠༠༨ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་༸སྐྱབས་མགོན་གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོས་ལམ་འབྲས་སློབ་བཤད་སྩལ་དུས་༸ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། ཕྱི་ལོ་ ༢༠༡༥ ལོར་བཤད་གྲྭའི་ཆོས་ཁྲིམས་པ་དང་ཕྱི་ལོ་ ༢༠༡༦ ལོར་བལ་ཡུལ་སྤོག་ར་པད་མ་ཚལ་གཙུག་ལག་སློབ་གཉེར་ཁང་དུ་དཔེ་ཁྲིད་དགེ་རྒན་དུ་བསྐོ་མངགས་གནང་།

 

ཕྱི་ལོ་ ༢༠༡༦ ལོར་གཙུག་ལག་བཤད་གྲྭ་འདིའི་ནང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པ་ལ་ཐོས་བསམ་མཛད་མཐར་་ཕྱི་ལོ་ ༢༠༡༧ ལོའི་ལོ་སྟོད་ཟབ་ཏིག་སྒྲོལ་ཆོག་འབུམ་ཚོགས་སྐབས་སུ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ནས་སློབ་དཔོན་གྱི་ཕྱག་འཁྱེར་གནང།  དེང་སང་བཤད་གྲྭར་གཞུང་ཆེན་ཁག་ལ་དཔེ་ཁྲིད་དགེ་རྒན་གནང་མུས་སུ་མཆིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *